Maitreya's Aspiration—Tibetan
English | Español | Français | བོད་ཡིག
༄༅། །བྱམས་པའི་སྨོན་ལམ།
རྒྱ་གར་སྐད་དུ། ཨཱརྻ་མཻ་ཏྲཱི་པྲ་ཎི་དྷཱ་ན་རཱ་ཛ།
བོད་སྐད་དུ། འཕགས་པ་བྱམས་པའི་སྨོན་ལམ་གྱི་རྒྱལ་པོ།
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །
ཀུན་དགའ་བོ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ཉིན་ལན་གསུམ་མཚན་ལན་གསུམ་དུ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་སངས་རྒྱས་ཐམས་ཅད་མངོན་དུ་བྱས་ཏེ་ཚིག་འདི་སྐད་ཅེས་སྨོན་ལམ་བཏབ་བོ། །
སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །
དྲང་སྲོང་ལྷ་མིག་ལྡན་པ་ཡི། །
བྱང་ཆུབ་སེམས་དཔའ་རྣམས་དང་ཡང༌། །
ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ། །
ངན་འགྲོ་ལས་ནི་བཟློག་བགྱིད་ཅིང༌། །
མཐོ་རིས་ལམ་ནི་རབ་སྟོན་ལ། །
རྒ་ཤི་མེད་པར་འདྲེན་བགྱིད་པ། །
བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །
སེམས་ཀྱི་དབང་དུ་གྱུར་པས་ན། །
བདག་གིས་སྡིག་པ་ཅི་བགྱིས་པ། །
སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །
བདག་གིས་དེ་དག་བཤགས་པར་བགྱི། །
གང་ལས་རྣམ་པ་གསུམ་གང་གིས། །
བསོད་ནམས་ཚོགས་ནི་བསྐྱེད་པ་དེ། །
བདག་གི་ཀུན་མཁྱེན་ས་བོན་ཏེ། །
བདག་གི་བྱང་ཆུབ་མི་ཟད་ཤོག །
ཕྱོགས་བཅུ་དག་གི་ཞིང་ཁམས་སུ། །
སངས་རྒྱས་མཆོད་པ་གང་བྱུང་བ། །
སངས་རྒྱས་མཁྱེན་པས་ཡི་རང་བ། །
དེ་ལ་བདག་ནི་ཡི་རང་ངོ༌། །
སྡིག་པ་ཐམས་ཅད་བཤགས་པར་བགྱི། །
བསོད་ནམས་ཀུན་ལ་ཡི་རང་ངོ༌། །
སངས་རྒྱས་ཀུན་ལ་ཕྱག་འཚལ་ལ། །
བདག་ནི་ཡེ་ཤེས་མཆོག་ཐོབ་ཤོག །
ཕྱོགས་བཅུ་དག་གི་ཕྱོགས་རྣམས་ན། །
ས་བཅུ་དག་ལ་གནས་པ་ཡི། །
བྱང་ཆུབ་སེམས་དཔའ་བྱང་ཆུབ་མཆོག །
འཚང་རྒྱ་བགྱིད་པར་བསྐུལ་མ་འདེབས། །
བྱང་ཆུབ་དམ་པར་སངས་རྒྱས་ཤིང༌། །
སྡེ་དང་བཅས་པའི་བདུད་བཏུལ་ནས། །
སྲོག་ཆགས་ཀུན་ལ་སྨན་སླད་དུ། །
ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ཅིག །
ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི། །
སྡུག་བསྔལ་སེམས་ཅན་ཐར་བགྱིད་ཤོག །
བསྐལ་པ་བྱེ་བ་བསམ་ཡས་སུ། །
ཆོས་སྟོན་མཛད་ཅིང་བཞུགས་གྱུར་ཅིག །
འདོད་པའི་འདམ་དུ་བྱིང་གྱུར་ཅིང༌། །
སྲེད་པའི་སྲད་བུས་དམ་བཅིངས་པ། །
འཆིང་བ་ཀུན་གྱིས་བཅིངས་བདག་ལ། །
རྐང་གཉིས་མཆོག་རྣམས་གཟིགས་སུ་གསོལ། །
སེམས་ཀྱི་དྲི་མར་གྱུར་པ་ལ། །
སངས་རྒྱས་རྣམས་ནི་སྨོད་མི་མཛད། །
སེམས་ཅན་རྣམས་ལ་བྱམས་ཐུགས་ལྡན། །
སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །
རྫོགས་པའི་སངས་རྒྱས་གང་བཞུགས་དང༌། །
གང་དག་འདས་དང་མ་བྱོན་པ། །
དེ་དག་རྗེས་སུ་བདག་སློབ་ཅིང༌། །
བྱང་ཆུབ་སྤྱད་པ་སྤྱོད་གྱུར་ཅིག །
ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས། །
འགྲོ་དྲུག་སེམས་ཅན་མཐར་བགྱིད་ཤོག །
མངོན་ཤེས་དྲུག་པོ་མངོན་བགྱིས་ནས། །
བླ་མེད་བྱང་ཆུབ་རེག་གྱུར་ཅིག །
མ་སྐྱེས་པ་དང་མི་འབྱུང་དང༌། །
རང་བཞིན་མ་མཆིས་གནས་མ་མཆིས། །
རྣམ་རིག་མ་མཆིས་དངོས་མ་མཆིས། །
སྟོང་པའི་ཆོས་ནི་རྟོགས་པར་ཤོག །
སངས་རྒྱས་དྲང་སྲོང་ཆེན་པོ་ལྟར། །
སེམས་ཅན་མ་མཆིས་སྲོག་མ་མཆིས། །
གང་ཟག་མ་མཆིས་གསོ་མ་མཆིས། །
བདག་མ་མཆིས་པའི་ཆོས་རྟོག་ཤོག །
བདག་འཛིན་བདག་གིར་འཛིན་པ་ཡི། །
དངོས་པོ་ཀུན་ལ་མི་གནས་པར། །
སེམས་ཅན་ཀུན་ལ་ཕན་སླད་དུ། །
སེར་སྣ་མ་མཆིས་སྦྱིན་གཏོང་ཤོག །
དངོས་པོ་དངོས་པོར་མ་མཆིས་པས། །
བདག་གི་ལོངས་སྤྱོད་ལྷུན་གྲུབ་ཤོག །
དངོས་པོ་ཐམས་ཅད་རྣམ་འཇིག་པའི། །
སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཤོག །
ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང༌། །
ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །
རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །
ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །
སའམ་ཡང་ན་ཆུའམ་མེ། །
རླུང་གི་ཁམས་ལྟར་མི་གནས་ཤིང༌། །
བཟོད་པའམ་ཁྲོ་བ་མ་མཆིས་པར། །
བཟོད་པའི་ཕ་རོལ་ཕྱིན་རྫོགས་ཤོག །
བརྩོན་འགྲུས་བརྩམས་པའི་བརྩོན་འགྲུས་ཀྱིས། །
བརྟན་སྤྲོ་ལེ་ལོ་མ་མཆིས་ཤིང༌། །
སྟོབས་དང་ལྡན་པའི་ལུས་སེམས་ཀྱིས། །
བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་ཤོག །
སྒྱུ་མ་ལྟ་བུའི་ཏིང་འཛིན་དང༌། །
དཔའ་བར་འགྲོ་བའི་ཏིང་འཛིན་དང༌། །
རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །
བསམ་གཏན་ཕ་རོལ་ཕྱིན་རྫོགས་ཤོག །
རྣམ་པར་ཐར་པའི་སྒོ་གསུམ་དང༌། །
དུས་གསུམ་མཉམ་པ་ཉིད་དང་ཡང༌། །
རིག་གསུམ་མངོན་སུམ་བགྱིས་པ་ཡིས། །
ཤེས་རབ་ཕ་རོལ་ཕྱིན་རྫོགས་ཤོག །
སངས་རྒྱས་ཀུན་གྱིས་བསྔགས་པ་དང༌། །
འོད་དང་གཟི་བརྗིད་འབར་བ་དང༌། །
བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱིས། །
བདག་གི་བསམ་པ་རྫོགས་གྱུར་ཅིག །
དེ་ལྟར་སྤྱད་པ་སྤྱོད་བྱེད་ཅིང༌། །
བྱམས་པ་གྲགས་དང་ལྡན་པ་ཡིས། །
ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས། །
ས་བཅུ་པོ་ལ་རབ་ཏུ་གནས། །
འདི་ནས་ཤི་འཕོས་གྱུར་མ་ཐག །
དགའ་ལྡན་སྐྱེས་ནས་ཡིད་དགའ་བར། །
མྱུར་དུ་བྱམས་མགོན་མཉེས་བྱས་ནས། །
བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག །