Mahāyāna Mind Training Aspiration—Tibetan
English | Français | Português | བོད་ཡིག
༄༅། །ཐེག་ཆེན་བློ་སྦྱོང་སྨོན་ལམ་ནོར་བུའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ།
སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་། །
སྤྱན་རས་གཟིགས་དང་རྗེ་བཙུན་སྒྲོལ་མའི་ཞབས། །
ཁྲོ་བོའི་རྒྱལ་པོ་མི་གཡོ་མགོན་པོ་དང་། །
ལྷ་གཅིག་ཇོ་བོ་ཆེན་པོ་ཡབ་སྲས་རྣམས། །
མི་ངན་བདག་གི་གཙུག་གི་རྒྱན་བཞུགས་ནས། །
སྒོ་གསུམ་ཆོས་དང་འདྲེས་པར་བྱིན་གྱིས་རློབས། །
རྟེན་གཞི་ཕུན་ཚོགས་དལ་དང་འབྱོར་པ་འདི། །
དུས་བརྒྱ་ལན་གཅིག་ཐོབ་པ་ད་རེས་ཙམ། །
མི་ཚེ་སོས་དལ་བསྐྱལ་བའི་མེ་ལོང་ཡིས། །
བདུད་ཀྱིས་མ་བསླུས་ད་རེས་དོན་ཡོད་དུ། །
དམ་པའི་ཆོས་ལ་འབད་པ་དྲག་པོས་བརྩོན། །
སང་དང་འཇིག་རྟེན་ཕྱི་མའི་སྣང་བ་གཉིས། །
སྔོན་ལ་གང་འབྱུང་ངེས་པར་ཆ་མི་འཚལ། །
ཡུན་རིང་སྡོད་པའི་གྲབས་ཆུས་ངན་པ་འདིས། །
གཏན་བདེའི་འདུན་མ་བརླག་པར་བྱེད་པས་ན། །
མྱུར་བ་མྱུར་བར་ཆོས་ལ་འབད་པར་ཤོག །
བརྩོན་འགྲུས་ནགས་ཀྱི་མེ་ཆེན་རབ་སྦར་ནས། །
འཁོར་བའི་རྒྱ་མཚོ་སྐེམ་པར་བྱེད་པ་དང་། །
དཀར་ནག་བསགས་པའི་ལས་ལ་གྲངས་མི་ཆོད། །
གཞན་ལ་བགོ་སྐལ་བྱེད་དུ་མ་མཆིས་ཤིང་། །
རང་བྱས་མཚོན་ཆ་ཐམས་ཅད་རང་ལ་འཁོར། །
རང་གི་ཕུང་པོར་མྱོང་བ་གདོན་མི་ཟ། །
དཀར་ནག་ལས་ཀྱི་འབྲས་བུ་མ་ནོར་བ། །
སྨིན་ལ་བསླུ་བ་མེད་པའི་ངེས་རྙེད་ཤོག །
ལས་ངན་བསགས་པའི་འབྲས་བུ་ཆེན་པོ་ནི། །
འཁོར་བའི་གནས་ན་སྡུག་བསྔལ་རྒྱུན་ཆད་མེད། །
ངན་སོང་གསུམ་གྱི་སྡུག་བསྔལ་བཟོད་དུ་མེད། །
མཐོ་རིས་གསུམ་གྱི་བདེ་བ་འགྱུར་ནས་འགྲོ། །
ཀུན་འབྱུང་རྒྱུས་བསྐྱེད་སྡུག་བསྔལ་གཟེབ་ཏུ་ཚུད། །
སྡུག་བསྔལ་གསུམ་གྱིས་མ་ཁྱབ་རྡུལ་ཙམ་མེད། །
གནས་ངན་ལེན་གྱིས་རྒྱུན་ཐག་གཅོད་པའི་ཕྱིར། །
ཐར་པའི་ལམ་སྟོན་བཤེས་གཉེན་བསྟེན་པར་ཤོག །
མ་ནོར་ལམ་བཟང་ཆོས་ཀྱི་ཉིང་ཁུ་ནི། །
རིན་ཆེན་བྱང་ཆུབ་སེམས་དང་འཕྲད་པར་ཤོག །
སྐྱབས་གནས་བླ་མ་མཆོག་གསུམ་དྲན་པ་དང་། །
དད་དང་མོས་གུས་ལམ་གྱི་གཞི་རྩ་ཚུགས། །
བླ་མའི་གདམས་ངག་ཁོག་པའི་སྙིང་ལྟར་བཟུང་། །
དུས་རྣམས་ཀུན་ཏུ་གསོལ་བ་དྲག་པོ་འདེབས། །
དཔལ་མགོན་བླ་མའི་བྱིན་རླབས་འཇུག་པར་ཤོག །
སེམས་ཅན་འདི་རྣམས་བདག་གི་དྲིན་ཆེན་ཡིན། །
ཐོག་མ་མེད་ནས་བདག་གི་ཕ་མ་བྱས། །
སྐུ་དྲིན་ཚད་མེད་བཏགས་པའི་དྲིན་ཅན་མ། །
ད་ལྟ་སྡུག་བསྔལ་རྒྱ་མཚོའི་ཀློང་དུ་ཚུད། །
སྡིག་དང་སྡུག་བསྔལ་ཆུ་སྲིན་གྱིས་བཟུང་རྣམས། །
ལེགས་པར་བསམ་ན་སྲན་པའི་གོ་སྐབས་བྲལ། །
མིག་གི་མཆི་མ་དྲག་ཏུ་འཁྲུགས་པ་དང་། །
ཤས་མི་བཟོད་པའི་བྱམས་དང་སྙིང་རྗེ་སྒོམ། །
རང་གི་བདེ་བ་མ་རྒན་རྣམས་ལ་བྱིན། །
དེ་རྣམས་སྡུག་བསྔལ་རྒྱུ་འབྲས་རང་ལ་བླངས། །
ལུས་འདི་ཡང་ནི་གྲངས་མེད་སྦྱིན་བྱས་ནས། །
བདག་ཏུ་འཛིན་པའི་འདྲེ་ཆེན་བརླག་པར་ཤོག །
ཉེས་པ་ཐམས་ཅད་རང་བདག་འཛིན་ལས་བྱུང་། །
དགྲ་ལ་སོགས་པའི་སེམས་ཅན་དེ་ཀུན་ནི། །
ངེས་པར་ཕན་འདོགས་དགེ་བའི་བཤེས་དང་མཚུངས། །
དགྲ་གདོན་བགེགས་སྣང་རང་ཉིད་འཁྲུལ་པ་ཡིན། །
ནད་གདོན་ཐམས་ཅད་རྒྱལ་བའི་རྣམ་འཕྲུལ་དང་། །
ལྷ་དང་འདྲེ་རྣམས་བྱང་ཆུབ་སྒྲུབ་པའི་གྲོགས། །
ལེགས་དགུ་མཐུན་རྐྱེན་བདུད་ཀྱི་ཆོ་འཕྲུལ་ཡིན། །
ན་ཚ་སྡུག་བསྔལ་རྐྱེན་ངན་བྱང་ཆུབ་ཀྱི། །
སེམས་མཆོག་འཕེལ་བའི་ཐབས་ལ་འབྱུང་བར་ཤོག །
དགྲ་བོ་མ་ནོར་སྙིང་ལ་ཞུགས་པ་ཡི། །
ང་དང་ང་ཡིར་འཛིན་པའི་འགོང་ཆེན་འདི། །
ད་ལྟ་བདག་གི་བླ་མའི་དྲིན་ལས་མཐོང་། །
ངེས་པར་ཁྱོད་མི་དགའ་བའི་སྡུག་བསྔལ་རྣམས། །
ངེད་ཀྱིས་བླངས་ནས་འགོང་པོ་ཁྱོད་ལ་སྦྱིན། །
གྲགས་སྙན་འབྱོར་སོགས་ཁྱོད་ལ་དགའ་བའི་རྫས། །
གཅིག་ཀྱང་མ་ལུས་འཕྲོག་ནས་ཁྱོད་ཀྱིས་ནི། །
དགྲ་རུ་བཟུང་བའི་སེམས་ཅན་དེ་ལ་སྦྱིན། །
སྦྱིན་པ་དེ་བཞིན་ངེས་པར་ཐོབ་གྱུར་ཅིག །
ཇོ་བོ་སེམས་ཅན་འདི་རྣམས་བཀའ་དྲིན་ཆེ། །
འདི་རྣམས་ལ་ནི་གྲོགས་ངན་བྱེད་པ་རུ། །
བདག་ནི་ནམ་ཡང་སངས་རྒྱས་ལ་མི་སྨོན། །
སེམས་ཅན་ཚུལ་གྱིས་སེམས་ཅན་དོན་བྱེད་ཤོག །
ང་ཡི་ལུས་འདི་ཡིད་བཞིན་ནོར་བུ་ལྟར། །
འགྲོ་བ་རྣམས་ཀྱི་རེ་བ་བསྐངས་བྱས་ནས། །
དེ་རྣམས་རྫོགས་སངས་རྒྱས་མཆོག་ཐོབ་པ་དང་། །
བདག་གི་སེམས་མཆོག་མ་ཉམས་གོང་འཕེལ་ཤོག །
དཀའ་སྤྱད་བཟོད་པའི་གོ་ཆ་རབ་བགོས་ནས། །
ཆོས་རྣམས་རང་བཞིན་བདེན་མེད་ཤེས་པ་དང་། །
རང་བཞིན་དོན་དམ་སྟོང་གསལ་འགགས་པ་མེད། །
ཐོག་མཐའ་དབུས་བྲལ་སེམས་མཆོག་རྡོ་རྗེ་ཡིས། །
སྒྲིབ་གཉིས་མུན་པ་རིང་དུ་སྤངས་བྱས་ནས། །
ཡང་དག་ཡེ་ཤེས་སྣང་བ་རྒྱས་པ་ཡིས། །
འགྲོ་བའི་དོན་ལ་མཐུ་སྟོབས་རྩལ་ལྡན་ཤོག །
འཇམ་དཔལ་དཔའ་བོའི་རྣམ་ཐར་མངོན་བྱས་ནས། །
བྱང་ཆུབ་སྤྱོད་པའི་རྒྱ་མཚོར་གཞོལ་བཞིན་དུ། །
སེམས་ཅན་སྟོང་པར་མ་གྱུར་དེ་སྲིད་དུ། །
དེ་ཡི་དོན་རྣམས་རབ་ཏུ་སྒྲུབ་པར་ཤོག །
སངས་རྒྱས་རྒྱ་མཚོ་མཆོད་པ་བྱེད་པ་དང་། །
ཞིང་ཁམས་རྒྱ་མཚོ་ཡོངས་སུ་སྦྱང་བ་དང་། །
སེམས་ཅན་རྒྱ་མཚོ་ཡོངས་སུ་སྨིན་པ་ལ། །
ཡེ་ཤེས་རྒྱ་མཚོ་ཆེ་ལ་འཇུག་པར་ཤོག །
ཅེས་པའང་སྦྲུལ་ཟླ་བ་བརྒྱད་པའི་ཚེས་བཅུ་གསུམ་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་ལུང་རྟོགས་རྒྱ་མཚོ་གཞན་ཕན་དྲི་མ་མེད་པའི་འོད་ཀྱིས་སྙིང་ནས་སྨོན་ལམ་དུ་བཏབ་པ་ངེས་པར་འགྲུབ་པ་ཞིག་བླ་མ་རྒྱལ་བ་སྲས་བཅས་ཀྱི་བྱིན་གྱི་རླབས་ཏུ་གསོལ། འདི་ཁོ་ན་འགྲུབ་པར་གྱུར་ཅིག། །།