Prayer to Amitāyus—Tibetan
English | Español | Français | བོད་ཡིག
༄༅། །ཚེ་དཔག་གསོལ་འདེབས།
འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །
དུས་མིན་འཆི་བ་མ་ལུས་འཇོམས་མཛད་པ། །
མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །
སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད། །
ཀུན་ནས་ཀུན་ཏུ་འོད་ཟེར་རབ་འབར་ཞིང་། །
ཚེ་དང་ཡེ་ཤེས་དཔག་མེད་སྩོལ་མཛད་པ། །
དྲན་པས་དུས་མིན་འཆི་བའི་འཇིགས་པ་འཇོམས། །
བཅོམ་ལྡན་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད། །
ཁྱོད་སྐུ་པདྨ་རཱ་གའི་ལྷུན་པོ་ལ། །
ཉིན་བྱེད་སྟོང་གིས་འཁྱུད་པའི་གཟི་བརྗིད་ཅན། །
མཚན་དང་དཔེ་བྱད་མེ་ཏོག་རྣམ་པར་བཀྲ། །
སྣང་མཐའ་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད། །
གསུང་དབྱངས་ཡན་ལག་དྲུག་ཅུའི་སྒྲ་སྒྲོགས་ཤིང་། །
མཐའ་ཡས་ཞིང་ན་གསུང་གཅིག་གིས་ཁྱབ་པ། །
ཟད་མི་ཤེས་པའི་གསུང་མཐའ་ཡས་པའི་བདག །
གསུང་གི་རྡོ་རྗེ་ཚེ་མཐའ་ཡས་ལ་བསྟོད། །
ཏིང་འཛིན་རྒྱ་མཚོར་འཇུག་ཅིང་ལྡང་བ་དང་། །
སྟོབས་བཅུའི་དབང་ཕྱུག་སྒྲིབ་པ་ཀུན་ལས་གྲོལ། །
ཡེ་ཤེས་རྒྱ་མཚོ་ལྷུན་གྱིས་གྲུབ་པ་ཡི། །
མགོན་པོ་འོད་སྣང་ཕ་མཐའ་ཡས་ལ་བསྟོད། །
ཞིང་དང་གཞལ་ཡས་བཀོད་པ་མཐའ་ཡས་ཤིང་། །
ཕྱོགས་བཅུའི་རྒྱལ་དང་དེ་སྲས་ཚོགས་ཀྱིས་དབུས། །
ལྷན་ཅིག་ཐེག་ཆེན་ཆོས་ལ་ལོངས་སྤྱོད་ཅིང་། །
རིན་ཆེན་གཟི་བརྗིད་རྒྱལ་པོ་ཁྱོད་ལ་བསྟོད། །
ཕྲིན་ལས་འཛད་མེད་ནམ་མཁའི་མཐའ་དང་མཉམ། །
གདུལ་བྱ་རྒྱ་མཚོ་སྨིན་ཅིང་གྲོལ་བར་མཛད། །
རྣམ་འཕྲུལ་མཐའ་ཡས་བདེ་ལྡན་ཞིང་གི་མགོན། །
མཛད་པ་དཔག་མེད་ཚེ་མཐའ་ཡས་ལ་བསྟོད།
དེ་ལྟར་བསྟོད་པས་དུས་མིན་འཆི་བ་ཞི། །
སྒོ་གསུམ་རྡོ་རྗེ་གསུམ་དུ་རབ་གྲུབ་ནས། །
ཚེ་སྲོག་མི་ཤིག་རྡོ་རྗེའི་ལྕགས་སྡོང་ཚུགས། །
རྡོ་རྗེ་ཚེ་དཔག་མེད་མགོན་འགྲུབ་པར་ཤོག །
ཅེས་པའང་ཚེ་སྒྲུབ་ལྕགས་སྡོང་བསྙེན་པ་གྲུབ་པའི་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་ལ་སྨོན་པའོ།། །།