The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Verses upon Entering the City of Vaiśālī—Tibetan

English | Français | བོད་ཡིག

༄༅། །ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་བདེ་ལེགས་ཀྱི་ཚིགས་སུ་བཅད་པ།

 

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །

 

གང་ལ་སེར་སྣ་རྣམས་ཆགས་པ།  །

རྣམ་བཅོམ་དྲི་མ་མེད་མཛད་ཅིང་།  །

ཐུགས་ཞི་གནོད་པ་མི་མངའ་དེས།  །

ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།  །

 

འདྲེན་པ་གང་ཞིག་འགྲོ་བ་རྣམས།  །

ཐར་པའི་ལམ་དུ་འཇུག་མཛད་ཅིང་།  །

ཆོས་རྣམས་ཐམས་ཅད་སྟོན་པ་དེ།  །

ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།  །

 

སྟོན་པ་འགྲོ་བ་རྣམས་ཀྱི་རྟེན།  །

སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།  །

གང་གིས་བདེ་བ་མངའ་མཛོད་དེས།  །

ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།  །

 

སྐྱོབ་པ་གང་ཞིག་བྱམས་པ་ཡི།  །

ཐུགས་ཀྱིས་འགྲོ་བ་འདི་དག་ཀུན།  །

བུ་གཅིག་བཞིན་དུ་རྟག་བསྐྱངས་དེས།  །

ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།  །

 

གང་ཞིག་འཁོར་བར་འགྲོ་བ་ཡི།  །

སེམས་ཅན་ཀུན་གྱི་རྟེན་གྱུར་ཅིག  །

གླིང་དང་དཔུང་གཉེན་གྱུར་པ་དེས།  །

ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།  །

 

གང་ཞིག་ཆོས་ཀུན་མངོན་སུམ་གྱུར།  །

གཙང་ཞིང་བསླུ་བ་མི་མངའ་ལ།  །

གསུང་གཙང་གཙང་མར་མཛད་པ་དེས།  །

ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།  །

 

དཔའ་བོ་ཆེན་པོ་གང་སྐྱེས་པས།  །

ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་།  །

དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས།  །

ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།  །

 

གང་ཞིག་སྐྱེས་པས་ས་རྣམས་ནི།  །

ནགས་ཚལ་བཅས་བ་རབ་གཡོས་ཤིང་།  །

སེམས་ཅན་ཐམས་ཅད་རབ་དགའ་དེས།  །

ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།  །

 

བྱང་ཆུབ་སྙིང་པོར་གཤེགས་པ་ན།  །

ས་དག་རྣམ་དྲུག་གཡོས་གྱུར་ཅིང་།  །

བདུད་ཡིད་མི་བདེར་གྱུར་པ་དེས།  །

ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།  །

 

ཆོས་ཀྱི་འཁོར་ལོ་བསྐོར་པ་ན།  །

འཕགས་པའི་བདེན་པ་རྣམས་གསུངས་པ།  །

ཐུབ་པའི་སྙན་པ་གང་བྱུང་དེས།  །

ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།  །

 

ཡིད་འཕྲོག་གང་གིས་མུ་སྟེགས་བྱེད།  །

ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་།  །

ཚོགས་ཀུན་དབང་དུ་མཛད་པ་དེས།  །

ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།  །

 

སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད།  །

བརྒྱ་བྱིན་ཚངས་པའི་ལྷ་རྣམས་དང་།  །

འབྱུང་པོ་ཀུན་གྱི་བདེ་ལེགས་ནི།  །

ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག  །

 

སངས་རྒྱས་བསོད་ནམས་མཐུ་དག་དང་།  །

ལྷ་རྣམས་ཀྱི་ནི་བསམ་པ་ཡིས།  །

ཁྱེད་ཀྱི་དོན་འདོད་གང་ཡིན་པ།  །

དོན་དེ་དེ་རིང་འགྲུབ་གྱུར་ཅིག  །

 

རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག  །

རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག  །

ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག  །

ཕྱིར་འོང་རྣམས་ཀྱང་བདེ་ལེགས་ཤོག  །

 

ཉིན་མོ་བདེ་ལེགས་མཚན་བདེ་ལེགས།  །

ཉི་མའི་གུང་ལའང་བདེ་ལེགས་ཤིང་།  །

ཁྱེད་ཅག་ཀུན་ཏུ་བདེ་ལེགས་ཤོག  །

ཁྱེད་ཅག་སྡིག་པར་མ་གྱུར་ཅིག  །

 

སངས་རྒྱས་ལྷ་རྣམས་སྟོང་དག་གིས།  །

ཡོངས་སུ་བསྐོར་ཏེ་གཤེགས་མཛད་ཀྱིས།  །

སྡང་སེམས་ལྡན་པ་རྣམས་དབྱེར་ཅིག  །

སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད།  །

 

སངས་རྒྱས་རང་སངས་རྒྱས་རྣམས་དང་།  །

དགྲ་བཅོམ་སློབ་པའི་བདེན་ཚིག་གིས།  །

འཇིག་རྟེན་མི་ཕན་བྱེད་པ་རྣམས།  །

གྲོང་ཁྱེར་འདིར་ནི་སྟོང་གྱུར་ཅིག  །

 

སེམས་ཅན་ཀུན་དང་སྲོག་ཆགས་ཀུན།  །

འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན།  །

བདེ་བ་འབའ་ཞིག་ལྡན་གྱུར་ཅིག  །

ཐམས་ཅད་ནད་རྣམས་མེད་པར་ཤོག  །

ཀུན་གྱིས་བཟང་རྣམས་མཐོང་གྱུར་ཅིག  །

གང་ཡང་སྡིག་པར་མ་གྱུར་ཅིག  །

 

འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཅིང་།  །

ས་དང་བར་སྣང་དག་ན་གནས་པ་རྣམས།  །

སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཤོག  །

ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག  །

 

འཕགས་པ་ཡངས་པའི་གྲོང་ཁྱེར་ལས་སོ།།   །།

 

Buddha

Buddha Śākyamuni

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept