Guidance That Lights the Way to Liberation—Tibetan
English | Français | 中文 | བོད་ཡིག
༄༅། །བསླབ་བྱ་ཐར་ལམ་རབ་སྣང་ཞེས་བྱ་བ་བཞུགས་སོ།།
རྒྱལ་ཀུན་གསང་གསུམ་གཅིག་འདུས་མཚོ་སྐྱེས་རྗེ། །
དབྱེར་མེད་རྩ་བའི་བླ་མར་ཕྱག་འཚལ་ཏེ། །
ཐར་ལམ་རབ་སྣང་གདམས་པའི་སྙིང་པོ་བཤད། །
བློ་ལྡན་དོན་གཉེར་ཚོགས་ཀྱིས་དང་བས་ཉོན། །
སྐལ་བཟང་སྐྱེ་བོས་ཐར་ལམ་བགྲོད་པ་ལ། །
ཐོག་མར་ལམ་གྱི་འཇུག་སྒོ་བཙལ་བྱ་སྟེ། །
དེ་ཡང་འདི་ཕྱིའི་ལེགས་ཚོགས་འབྱུང་བའི་གནས། །
ཡང་དག་ཁྲིམས་ཀྱིས་རང་རྒྱུད་སྡོམ་པ་གཅེས། །
ལྔ་ཚན་ཡོན་ཏན་ལྡན་པའི་མཁན་སློབ་ལས། །
སྤོང་བཞི་སྤོང་བདུན་སོ་ཐར་སྡོམ་པ་ནོད། །
དེ་ཡང་ངེས་འབྱུང་མེད་ན་མི་སྐྱེ་བས། །
སྲིད་ལས་ངེས་པར་འབྱུང་བའི་བསམ་པ་གལ། །
ཐེག་ཆེན་སྡོམ་ལྡན་བཤེས་གཉེན་མཁས་པ་ལས། །
སྲོལ་གཉིས་ཆོ་གས་སྨོན་འཇུག་སྡོམ་པ་བླང་། །
ཟུར་གཉིས་དམ་བཅའ་མེད་ན་གཟུགས་བརྙན་ཏེ། །
དེ་ཕྱིར་འདུན་དང་སྙིང་རྗེ་ཡང་ཡང་སྦྱང་། །
མཚན་ཉིད་བརྒྱད་འཆང་རྡོ་རྗེ་འཛིན་དབང་ལས། །
དབང་བཞིའི་དམ་ཚིག་གཟུང་སྟེ་དེ་ཡང་ནི། །
རྒྱུ་གཉིས་རྐྱེན་བཞི་བྲལ་ན་མི་འཐོབ་པས། །
ཚུལ་བཞིན་འཐོབ་དང་སྲུང་བའི་ཐབས་ལ་འབད། །
དེ་ལྟར་ཚུལ་ཁྲིམས་གཙང་མས་གཞི་བྱས་ཏེ། །
ཐོས་དང་བསམ་པས་མདོ་དོན་སྙིང་པོར་དྲིལ། །
དམ་པའི་མན་ངག་གནད་ཀྱི་སྒྲོན་མེ་ཡིས། །
དོན་གྱི་སྐྱེལ་སོ་སེམས་ཀྱི་གསང་ལ་བལྟ། །
ཐུན་མོང་ཐུན་མིན་ཁྱད་པར་བློ་སྦྱོང་གིས། །
རང་རྒྱུད་རིམ་སྦྱང་ཆོས་ཀྱི་སྣོད་རུང་བྱ། །
ངན་རྟོག་ལང་ཤོར་འདུལ་བར་མ་བྱས་ན། །
མན་ངག་མཐོ་སྙེག་དགུན་གྱི་སོ་ནམ་འདྲ། །
མདོ་སྔགས་རྒྱ་མཚོའི་ཡང་རྩེ་རྫོགས་པ་ཆེ། །
ས་ལམ་ཅིག་ཆར་བགྲོད་པའི་གདམས་པ་ལ། །
དད་འདུན་བརྩོན་པ་དྲག་པོའི་སྟོབས་བསྐྱེད་ནས། །
སྙིང་པོའི་དོན་ལ་གཞོལ་བའི་ཉམས་ལེན་མཛོད། །
དེ་ལྟར་བསྒྲུབས་པས་དལ་འབྱོར་དོན་ལྡན་ཞིང་། །
འཆི་ཁ་འགྱོད་པ་མེད་པའི་གདེང་རྙེད་དེ། །
དོན་གཉིས་ངང་གིས་འགྲུབ་པའི་དགའ་སྟོན་གྱིས། །
བློ་བདེ་བག་ཕེབས་རང་དྲིན་ཆེ་བར་གྱིས། །
དེ་སྐད་སྨྲས་པའི་རྣམ་དཀར་གྱིས། །
ཐུབ་བསྟན་དར་ཞིང་འགྲོ་ཀུན་བདེ། །
བདག་ཀྱང་ཚེ་རབས་ཐམས་ཅད་དུ། །
རླབས་ཆེན་གཞན་དོན་སྤྱོད་པར་ཤོག །
ཅེས་པ་འདི་ནི་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་བརྒྱད་འཛིན་པའི་བླ་གྲྭ་འགའ་ཞིག་གིས་བསྐལ་ངོར་ཤཱཀྱའི་དགེ་ཚུལ་མ་མུ་མཚོར་འབོད་པས་རབ་རྒྱན་ལྕགས་འབྲུག་ཟླ་ ༩ ཚེས ༢༥ ལ་གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་དུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།