The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Medicine Buddha Meditation and Recitation—Tibetan

English | Español | Italiano | བོད་ཡིག

༄༅། །སྨན་བླའི་སྒོམ་བཟླས་ཤིན་ཏུ་བསྡུས་པ་ཕན་བདེའི་མྱུར་ལམ།

 

ན་མོ་གུ་རུ་བྷཻ་ཥ་ཛྱེ་རཱ་ཛ་ཡ།

འདིར་སྨན་བླའི་སྒོམ་ཟླས་མདོར་བསྡུས་པའི་ཚུལ་གྱིས་ཉམས་སུ་ལེན་པར་འདོད་པས།

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །

བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །

བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །

འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །

སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག

སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག

སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག

ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམ་ཚད་མེད་པ་ལ་གནས་པར་གྱུར་ཅིག

ཨོཾ་སྭ་བྷུ་ཝ་ཤུདྡྷ་སརྦ་དྷརྨཱཿསྭ་བྷཱ་ཤུདྡྷོཉཧཾ།

སྟོང་པ་འི་ངང་ལས་པད་ཟླའི་གདན་གྱི་སྟེང་། །

རང་སེམས་ཧཱུྃ་ཡིག་འོད་ཀྱིས་དོན་གཉིས་བསྒྲུབས། །

ཚུར་འདུས་བདག་ཉིད་བཅོམ་ལྡན་སྨན་གྱི་བླ། །

སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་པ། །

ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱས་ཨ་རུ་ར། །

གཡོན་པས་མཉམ་གཞག་བདུད་རྩིའི་ལྷུང་བཟེད་བསྣམས། །

མཚན་དཔེའི་དཔལ་འབར་ཆོས་གོས་རྣམ་གསུམ་གསོལ། །

ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །

གཡས་སུ་རྒྱལ་སྲས་ཉི་ལྟར་སྣང་བྱེད་དམར། །

ཕྱག་གཡོན་ཉི་མས་མཚན་པའི་པདྨ་བསྣམས། །

གཡོན་དུ་ཟླ་ལྟར་སྣང་བྱེད་སྐུ་མདོག་དཀར། །

ཕྱག་གཡོན་ཟླ་བས་མཚན་པའི་པདྨ་འཛིན། །

གཉིས་ཀ་གཡས་པས་མཆོག་སྦྱིན་ཕྱག་རྒྱ་མཛད། །

དར་དང་རིན་ཆེན་རྒྱན་རྫོགས་གཙོ་བོ་ལ། །

འདུད་པའི་ཚུལ་གྱིས་པད་ཟླའི་གདན་ལ་བཞེངས། །

གཙོ་འཁོར་ཀུན་གྱི་གནས་གསུམ་འབྲུ་གསུམ་མཚན། །

དེ་ལས་འོད་འཕྲོས་ཕྱོགས་བཅུའི་རྒྱལ་བ་ཀུན། །

བཅོམ་ལྡན་སྨན་གྱི་བླ་མའི་རྣམ་པ་རུ། །

མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ །

ཛཿཧཱུྃ་བཾ་ཧོཿརང་ལ་གཉིས་མེད་ཐིམ། །

ཐུགས་ཀར་ཟླ་སྟེང་ཧཱུྃ་མཐར་སྔགས་ཕྲེང་ལས། །

འོད་འཕྲོས་འཕགས་མཆོད་འགྲོ་ཀུན་སྒྲིབ་གཉིས་སྦྱངས། །

སྲས་བཅས་རྒྱལ་བའི་ཐུགས་རྗེ་བྱིན་རླབས་ཀུན། །

ཚུར་འདུས་བདག་རྒྱུད་བྱིན་གྱིས་བརླབ་པར་གྱུར། །

ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱེ་རཱ་ཛ་ས་མུདྒ་ཏེ་སྭཱ་ཧཱ།

ཞེས་ཅི་ཞུས་དང་། སྤྲོ་ན་གཟུངས་རིང་ཀྱང་བཟླ།

མཐར་བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱོན་པ་ལ།

ཨོཾ་བྷཻ་ཥ་ཛྱེ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད།

ཐུགས་རྗེ་ཀུན་ལས་སྙོམས་པའི་བཅོམ་ལྡན་འདས། །

མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །

དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །

བཻ་ཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ། །

བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ། །

ཡང་དག་རྫོགས་པའི་སངས་རྒྱས་སྨན་གྱི་བླས། །

བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ལ། །

མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །

ཞེས་བསྟོད་ཅིང་གསོལ་བ་གདབ་ལ།

ཨོཾ་བཛྲ་མུཿས་གཤེགས་སུ་གསོལ།

འཁོར་དང་གདན་འོད་དུ་ཞུ་ནས་རང་ལ་ཐིམ།

རང་གི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་བསམ།

དགེ་བ་འདི་ཡིས་མྱུར་དུ་བདག །

སངས་རྒྱས་སྨན་བླ་འགྲུབ་གྱུར་ནས། །

འགྲོ་བ་གཅིག་ཀྱང་མ་ལུས་པ། །

དེ་ཡི་ས་ལ་འགོད་པར་ཤོག །

 

སོགས་བསྔོ་སྨོན་བྱ། བསྙེན་པ་བྱེད་ན་ཁྲུས་དང་གཙང་སྦྲ་ལ་གནས་པས་གཟུངས་ཐུང་འབུམ་ཕྲག་གཅིག་ཁ་སྐོང་དང་བཅས་པ་བཟླ། ཐུན་མཚམས་སུ་ཕྱུག་མཆོད་རྒྱས་བསྡུས་གང་རིགས་སམ། སྨན་མདོ་ཆེ་ཆུང་ཇི་ལྟར་ནུས་པ་བཀླག་པར་བྱའོ། །

 

ཞེས་པའང་ཉེར་མཁོའི་སླད་དུ་མང་དུ་ཐོས་པའི་བྱ་བྲལ་བ་མཉྫུ་གྷོ་ཥས་སྦྱར་བ་སྟེ། དགེ་བས་འགྲོ་ཀུན་ཕན་བདེའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།

 

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

Buddha of Medicine

Vajrayāna Buddhism places restrictions on the reading and practice of certain texts, which are intended only for those who have received the requisite empowerments, transmissions and instructions.

If you are unsure as to whether you are entitled to read or practice a particular text please consult a qualified lineage-holder.

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept