Chetsün Nyingtik Visualization—Tibetan
༄༅། །ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་གི་སྐྱབས་ཡུལ་གསལ་བཏབ།
སྐྱབས་ཡུལ་གསལ་བཏབ་ནི།
རང་སྣང་དག་པའི་ས་ཕྱོགས་ཞིང་། །
བདེ་བ་ཅན་གྱི་བཀོད་པ་ལྟར། །
ཡིད་འཕྲོག་ངོ་མཚར་འབྱམས་ཀླས་པའི། །
རང་གི་མདུན་གྱི་ནམ་མཁར་དབུས། །
སེང་ཁྲི་པདྨ་ཉི་གདན་ལ། །
རྩ་བའི་བླ་མ་དཔལ་ཆེན་པོ། །
སེངྷེ་ཤྭ་ར་དམར་སྨུག་མདངས། །
ཁྲོ་འཛུམ་སྒེག་པའི་ཉམས་དང་ལྡན། །
དར་དང་རིན་ཆེན་རུས་པས་བརྒྱན། །
ཕྱག་གཉིས་མཉམ་བཞག་ཞབས་རྡོར་སྐྱིལ། །
དབུ་གཙུག་བརྒྱུད་པའི་བླ་མ་ནི། །
ཐོ་བརྩེགས་ཚུལ་དུ་བཞུགས་པ་དང་། །
མཐའ་བསྐོར་བརྒྱུད་གསུམ་བླ་མའི་ཚོགས། །
ཡི་དམ་དཔའ་བོ་མཁའ་འགྲོ་དང་། །
ཆོས་སྐྱོང་ནོར་ལྷ་གཏེར་བདག་རྣམས། །
ཡེ་ཤེས་གཅིག་གི་རོལ་པ་ལས། །
མ་འགགས་སྒྱུ་འཕྲུལ་ཅིར་ཡང་འཆར། །
མངོན་སུམ་བཞིན་དུ་གསལ་བར་གྱུར། །
༧སྐྱབས་རྗེ་མཁྱེན་བརྩེ་རྡོ་རྗེ་འཆང་པདྨ་ཡེ་ཤེས་རྡོ་རྗེས་འབྲུག་པུརྞ་ཁའི་མཁན་ཆེན་འཇམ་དབྱངས་ཡེ་ཤེས་སེངྒེ་ལ་སྨིན་ཁྲིད་སྐབས་སྩལ་བའི་ཕྱག་བྲིས་དངོས་ལས་ཞལ་བཤུས་པའོ། །། །