The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Blissful Path to Awakening Guru Yoga—Tibetan

English | Français | བོད་ཡིག

༄༅། །བླ་མའི་རྣལ་འབྱོར་བྱང་ཆུབ་བདེ་ལམ་ཞེས་བྱ་བ་བཞུགས་སོ།  །

 

ན་མོ་ལོ་ཀེ་ཤྭ་རཱ་ཡ།

སྐལ་བཟང་གང་ཞིག་བྱང་ཆུབ་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པར་འདོད་པས་སངས་རྒྱས་ཀུན་གྱི་བགྲོད་པ་གཅིག་པའི་ལམ་བླ་མའི་རྣལ་འབྱོར་ལ་བརྩོན་པར་བྱ་སྟེ།  ངེས་འབྱུང་བྱང་སེམས་ཐོག་མ་ཉིད་དུ་རྒྱུད་ལ་བསྐྱེད་ནས།

མདུན་མཁར་རྟེན་བསྐྱེད་པ་ནི།  །

ཨེ་མ་ཧོ།

དབྱིངས་སྣང་དག་པ་འཇའ་འོད་འཁྲིགས་པའི་ཀློང་།  །

པད་དཀར་ཟླ་བ་རྒྱས་པའི་གདན་སྟེང་དུ།  །

རྩ་བའི་བླ་མ་ཐུགས་རྗེ་ཆེན་པོའི་སྐུ།  །

སེམས་ཉིད་ངལ་བསོ་གངས་རིའི་མདོག་ལྟར་དཀར།  །

ཞི་འཛུམ་ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན།  །

གཡོན་པས་དཀུ་ཡི་སྟ་ཟུར་གདན་ལ་བཀབ།  །

མཐེབ་མཛུབ་བར་ནས་པད་དཀར་སྡོང་བུ་རྒྱས།  །

སྙན་གཡོན་ཐད་ཀར་འདབ་རྒྱས་ཟེའུ་འབྲུ་རྒོད།  །

ལྷ་རྫས་དར་དང་རིན་ཆེན་རྒྱན་ཆ་དང་།  །

རི་དྭགས་ལྤགས་པས་ནུ་མ་གཡོན་པ་བཀབ།  །

དབུ་སྐྲ་ཐོར་ཅོག་སྤྱི་བོར་བཅིངས་པའི་རྩེར།  །

ནོར་བུ་རིན་ཆེན་ཏོག་གིས་སྤྲས་པ་དང་།  །

ལྷག་མ་སིལ་བུར་གྲོལ་ཞིང་གནག་སྣུམ་མཛེས།  །

ཞབས་གཉིས་རྟ་བབ་སྐྱིལ་མོ་ཀྲུང་གིས་བཞུགས།  །

གནས་གསུམ་ཡི་གེ་གསུམ་ལས་འོད་འཕྲོས་པས།  །

རང་བཞིན་གནས་ནས་སྤྱན་དྲངས་གཉིས་མེད་གྱུར།  །

སྐྱབས་ཀུན་འདུས་པའི་བདག་ཉིད་ཆེན་པོར་གསལ།  །

རྒྱས་པར་བཟང་སྤྱོད་ཀྱི་ཡན་ལག་བདུན་པ་སྦྱར།  །

ཕྲ་རབ་རྡུལ་གྱི་གྲངས་སྙེད་ལུས་སྤྲུལ་ཏེ།  །

སྒོ་གསུམ་གུས་པས་རྟག་ཏུ་ཕྱག་འཚལ་ལོ།  །

དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི།  །

མཆོད་པའི་སྤྲིན་ཆེན་མཁའ་དབྱིངས་ཁྱབ་པར་མཆོད།  །

ཐོག་མེད་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཀུན།  །

གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས་པར་བགྱི།  །

འཁོར་འདས་ལམ་གྱིས་བསྡུས་པའི་དགེ་རྩ་ལ།  །

དགའ་ཞིང་ཕྲག་དོག་མེད་པར་རྗེས་ཡི་རང་།  །

གདུལ་བྱ་རྣམས་ཀྱི་བློ་དང་འཚམ་པ་ཡི།  །

ཟབ་ཅིང་རྒྱ་ཆེའི་ཆོས་འཁོར་བསྐོར་བར་བསྐུལ།  །

གང་དག་མྱ་ངན་འདའ་བར་བཞེད་རྣམས་ལ།  །

འགྲོ་སྒྲོལ་སླད་དུ་རྟག་པར་བཞུགས་གསོལ་འདེབས།  །

དུས་གསུམ་བསགས་པའི་དགེ་བའི་རྩ་བ་ཀུན།  །

མཁའ་མཉམ་འགྲོ་རྣམས་རྣམ་མཁྱེན་ཐོབ་ཕྱིར་བསྔོ།  །

སྤྲོ་ན་མཎྜལ་རྒྱས་བསྡུས་ཀྱང་སྦྱར།

ཨེ་མ་ཧོ།

བདེ་ལྡན་ཞིང་ན་ཆོས་སྐུ་སྣང་མཐའ་ཡས།  །

གྲུ་འཛིན་རི་བོར་ལོངས་སྐུ་སྤྱན་རས་གཟིགས།  །

རྔ་ཡབ་དཔལ་རིར་སྤྲུལ་སྐུ་པད་མ་འབྱུང་།  །

དབྱེར་མེད་བླ་མ་སེམས་ཉིད་ངལ་བསོ་ལ།  །

སྙིང་ནས་གསོལ་འདེབས་བདག་ལ་ཐུགས་རྗེས་གཟིགས།  །

བྱང་ཆུབ་སེམས་གཉིས་འབྱོངས་པར་བྱིན་གྱིས་རློབས།  །

ཨོཾ་ཨཱཿམ་ཧཱ་གུ་རུ་ལོ་ཀི་ཤྭ་ར་ཁ་སར་པ་ཎི་སརྦ་སིདྡྷི་ཧཱུྃ།

ཞེས་དང་།  མ་ཎི་ཅི་ནུས་བཟླ།  །

བླ་མའི་གནས་གསུམ་རྡོ་རྗེ་གསུམ་མཆོག་ལས།  །

སྐུ་དང་སྔགས་ཕྲེང་འོད་ཟེར་བདུད་རྩིའི་རྒྱུན།  །

རང་གི་གནས་གསུམ་རིམ་དང་ཅིག་ཅར་ཞུགས།  །

སྒྲིབ་དག་དབང་དང་བྱིན་རླབས་དངོས་གྲུབ་ཐོབ།  །

བླ་མའི་སྐུ་ལས་འོད་ཟེར་མཁའ་ཁྱབ་འཕྲོས།  །

ཞིང་ཁམས་རབ་འབྱམས་རྒྱ་མཚོ་གསལ་བར་བྱས།  །

འཕགས་མཆོད་བྱིན་བསྡུས་རིགས་དྲུག་སྡུག་བསྔལ་སྦྱངས།  །

སྣོད་བཅུད་འཕགས་པའི་ཞིང་དང་སྐུ་རུ་གྱུར།  །

དེ་དག་ཀུན་གྱིས་སྔགས་ཀྱི་སྒྲ་ཆེན་པོ།  །

བར་མེད་སྒྲོགས་ཤིང་ཐ་མལ་སྒོ་གསུམ་རྣམས།  །

འཕགས་པའི་སྐུ་གསུང་ཐུགས་དང་དབྱེར་མེད་གྱུར།  །

ཡི་གེ་དྲུག་པ་ཅི་ནུས་བཟླ།

མཐར་ནི་བླ་མ་རང་ཐིམ་དབྱེར་མེད་ངང་།  །

རང་ཉིད་འཕགས་པའི་སྐུ་རུ་གསལ་བ་ཡི།  །

ཐུགས་ཀར་ཟླ་སྟེང་ཧྲཱིཿམཐར་སྔགས་ཕྲེང་བསྐོར།  །

དེ་ལས་འོད་འཕྲོས་ལུས་ཁེངས་སྡིག་སྒྲིབ་སྦྱངས།  །

རང་ལུས་བ་སྤུའི་བུ་ག་ཐམས་ཅད་དུ།  །

སངས་རྒྱས་སྲས་དང་བཅས་པ་རབ་བཞུགས་ཏེ།  །

མཁའ་ཁྱབ་འགྲོ་བའི་དོན་ཀུན་བྱེད་པར་བསམས།  །

ཡི་གེ་བདུན་མ་བཟླ་བར་བྱའོ།  །

མཐར་ནི་ལྷར་སྣང་རྟེན་དང་བརྟེན་པར་བཅས།  །

འོད་གསལ་དབྱིངས་ཐིམ་ཆོས་སྐུའི་རང་ཞལ་བལྟ།  །

སླར་ཡང་འགྲོ་འདུལ་ཐུགས་རྗེའི་སྐུ་རུ་ལྡང་།  །

གང་སྣང་སྒྱུ་མ་ལྟ་བུའི་ངང་ནས་སྤྱོད།  །

ཨོཾ་ཨཱཿཧཱུྃ་གིས་གནས་གསུམ་སྲུངས།  །

བཟང་སྤྱོད་སྨོན་ལམ་སོགས་བསྔོ་སྨོན་རྒྱས་བསྡུས་ཅི་རིགས་བྱའོ།  །

 

ཞེས་པའང་ཨ་མདོ་དྷཱི་ཕུ་ཆོས་རྗེའི་གསོལ་དཔོན་རྒན་པ་ཀླུ་སྒྲུབ་ནས་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གང་ཤར་བྲིས་པ་འདིས་ཀྱང་ཕན་བདེ་བླ་ན་མེད་པའི་རྒྱུར་གྱུར་ཅིག  །སརྦ་དཱ་མངྒ་ལཾ།།    །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Avalokiteśvara, Semnyi Ngalso

This website uses cookies to collect anonymous usage statistics and enhance the user experience.
Decline
Accept