The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Eight-Chapter Prayer to the Mahāguru—Tibetan

English | 中文 | བོད་ཡིག

༄༅། །ཨོ་རྒྱན་མ་ཧཱ་གུ་རུའི་གསོལ་འདེབས་ལེའུ་བརྒྱད་པ་འདོད་དོན་མྱུར་འགྲུབ་བཞུགས་སོ། །

 

ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔

 

ཨོཾ་ཡིག་འཆི་མེད་ཡེ་ཤེས་རྡོ་རྗེའི་སྐུ། །

ཨཱཿནི་ཀུན་ཁྱབ་ཆོས་དབྱིངས་རྡོ་རྗེའི་གསུང་།

ཧཱུྃ་ཞེས་བདེ་ཆེན་མི་འགྱུར་རྡོ་རྗེའི་ཐུགས། །

ཨོ་རྒྱན་སློབ་དཔོན་ཆེན་པོར་གསོལ་བ་འདེབས། །

 

བཛྲ་སྤྲོས་བྲལ་ཆོས་དབྱིངས་ཀ་དག་མཁར། །

གུ་རུ་བདེ་ཆེན་ཁུར་ལྕིད་ཐོད་ཕྲེང་ལྔ། །

པདྨ་སྐྱོན་བྲལ་རང་བྱུང་སངས་རྒྱས་གཉིས། །

སྐུ་གསུམ་དབྱེར་མེད་བླ་མར་གསོལ་བ་འདེབས། །

 

སིདྡྷི་ཐུན་མོང་ལམ་གྱུར་རིག་འཛིན་བཞི། །

སྒྲུབ་ལ་ཕྱི་ནང་གསང་བའི་བར་ཆད་ཞི། །

ཡིད་བཞིན་འདོད་པའི་དོན་ཀུན་འགྲུབ་པ་ཡིས། །

ཧཱུྃ་ཞེས་ཡེ་ཤེས་ཐིག་ལེར་དབྱེར་མེད་མཛོད། །

བླ་མ་སྐུ་གསུམ་གྱི་གསོལ་འདེབས་རྡོ་རྗེའི་རིག་སྔགས་དང་སྦྱརབའི་ལེའུ་དང་པོའོ། །

 

ཨོཾ་ནི་རྒྱལ་བ་དགོངས་བརྒྱུད་ཀུན་ཏུ་བཟང་། །

ཨཱཿཞེས་བརྡ་བརྒྱུད་རིག་འཛིན་སྒྱུ་འཕྲུལ་དྲྭ། །

ཧཱུྃ་ཞེས་སྙན་བརྒྱུད་ཤིང་རྟ་པདྨ་འབྱུང་། །

བརྒྱུད་གསུམ་དཔལ་མགོན་བླ་མར་གསོལ་བ་འདེབས། །

 

བཛྲ་ཏནྡྲ་གསང་སྔགས་བླ་མེད་ལམ། །

གུ་རུ་ཡི་དམ་མཁའ་འགྲོ་ཞི་ཁྲོའི་གར། །

པདྨའི་ཕྲེང་ལྟར་བསམ་ཡས་གང་འདུལ་ཅན། །

རབ་འབྱམས་དཀྱིལ་འཁོར་ཁྱབ་བདག་གསོལ་བ་འདེབས། །

 

དཔག་ཡས་བཀའ་གཏེར་མན་ངག་རྒྱ་མཚོའི་མཛོད།

སིདྡྷི་ཛྙཱན་སྒྲུབ་པའི་གསང་ལམ་ཆེའི། །

བསྟན་དང་དེ་འཛིན་འཕེལ་རྒྱས་མི་མཐུན་ཞི། །

ཧཱུྃ་ཡིག་ཁྱབ་བདག་རྡོ་རྗེ་སེམས་འགྲུབ་ཤོག །

སངས་རྒྱས་བསྟན་པ་རྨད་བྱུང་གི་གསོལ་འདེབས་རྡོ་རྗེའི་རིག་སྔགས་དང་སྦྱར་བའི་ལེའུ་གཉིས་པའོ། །

 

ༀ་ནི་གཏིང་གསལ་གཞོན་ནུ་བུམ་པའི་དབྱིངས། །

ཨཱཿཡིག་གར་དབང་བདེ་ཆེན་དགའ་བའི་ཞིང་། །

ཧཱུྃ་ཞེས་རང་སྣང་མཁའ་སྤྱོད་པདྨ་འོད། །

སྐུ་གསུམ་ཞིང་གི་བདག་པོར་གསོལ་བ་འདེབས། །

 

བཛྲ་དབྱིངས་ཀྱི་གཞལ་ཡས་ཁང་ཆེན་པོར། །

གུ་རུ་ཨོ་རྒྱན་གང་འདུལ་བཀོད་པ་ཆེ། །

པདྨ་འབྱུང་གནས་ཕུན་ཚོགས་ངེས་པ་ལྔ། །

རྟེན་དང་སྟོན་འཁོར་བཅས་ལ་གསོལ་བ་འདེབས། །

 

སིདྡྷི་རྡོ་རྗེའི་ལམ་མཐར་མ་སོན་ན། །

དག་པའི་གནས་དེར་སྐད་ཅིག་སྐྱེས་ནས་ཀྱང་། །

བར་ཆད་མེད་པར་ཞལ་མཐོང་ལུང་བསྟན་ནས། །

ཧཱུྃ་ཡིག་པད་འབྱུང་ཡེ་ཤེས་རོ་གཅིག་ཤོག །

ཉི་མ་ལྷོ་ནུབ་མའི་གསོལ་འདེབས་རྡོ་རྗེའི་རིག་སྔགས་དང་སྦྱར་བའི་ལེའུ་གསུམ་པའོ། །

 

ༀ་ནི་དང་པོའི་སངས་རྒྱས་ཀུན་ཏུ་འཆང་། །

ཨཱཿཞེས་ཐོད་ཕྲེང་སྒྱུ་འཕྲུལ་རིགས་མཆོག་ལྔ། །

ཧཱུྃ་ཡིག་མི་མཇེད་སྟོན་པ་མཚོ་ལས་སྐྱེས། །

དྲུག་ལྡན་བརྒྱུད་པའི་བླ་མར་གསོལ་བ་འདེབས། །

 

བཛྲ་སྒྱུ་འཕྲུལ་རྒྱུད་དང་སྒྲུབ་སྡེ་བརྒྱད། །

གུ་རུ་ཡེ་ཤེས་དགོངས་ཀློང་གཅིག་ཏུ་འཁྱིལ། །

པདྨ་ཐོད་ཕྲེང་དངོས་གྲུབ་རྒྱ་མཚོའི་གཏེར། །

སངས་རྒྱས་གཉིས་པའི་ཞབས་ལ་གསོལ་བ་འདེབས། །

 

སིདྡྷི་ཛྙཱ་ན་ཐིག་ལེ་གཅིག་གི་མདངས། །

ལྷ་སྔགས་ཡེ་ཤེས་རོལ་མོར་དག་པའི་མཐུས། །

གཟུང་འཛིན་འཁྲུལ་པའི་མུན་པ་རང་སངས་ནས། །

ཧཱུྃ་ཞེས་ཡེ་ཤེས་ཀློང་དུ་གཉིས་མེད་ཤོག །

སྤྲོས་བྲལ་བདེ་ཆེན་མའི་གསོལ་འདེབས་རྡོ་རྗེའི་རིག་སྔགས་དང་སྦྱར་བའི་ལེའུ་བཞི་པའོ། །

 

ༀ་ཡིག་འཆི་མེད་མགོན་པོ་འོད་མཐའ་ཡས། །

ཨཱཿནི་གསུང་གི་རྡོ་རྗེ་པད་དཀར་འཆང་། །

ཧཱུྃ་ཞེས་གངས་ཅན་སྟོན་པ་དུས་གསུམ་མཁྱེན། །

རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་ལ་གསོལ་བ་འདེབས། །

 

བཛྲ་ཀཱ་ཡ་འཆི་མེད་མཚོ་ལས་འཁྲུངས། །

གུ་རུ་བདེ་ཆེན་རྣམ་ཐར་བསམ་ལས་འདས། །

པདྨ་ལྟར་མཛེས་ངོ་མཚར་མཛད་པ་ཡིས། །

བཅུ་གཉིས་བདེན་དོན་དག་ལ་གསོལ་བ་འདེབས། །

 

སིདྡྷི་ཁྱེད་དང་དབྱེར་མེད་བྱང་ཆུབ་ཕྱིར། །

གསོལ་འདེབས་གདུང་བའི་ཤུགས་ཀྱིས་དེངས་བསྐུལ་ན། །

སྙིགས་མའི་རྒུད་ཞི་ཕན་བདེའི་དཔལ་སྤྱོད་པའི། །

ཧཱུྃ་ཡིག་གསང་བ་ཆེན་པོར་བྱང་ཆུབ་ཤོག །

སིནྡྷུ་རྒྱ་མཚོ་ཆེ་བ་རྡོ་རྗེའི་རིག་སྔགས་དང་སྦྱར་བའི་གསོལ་འདེབས་ལེའུ་ལྔ་པའོ། །

 

ༀ་ཡིག་མཁའ་ཁྱབ་ནམ་མཁའ་རྡོ་རྗེའི་སྐུ། །

ཨཱཿནི་ཀུན་ཁྱབ་རྣམ་པ་ཐམས་ཅད་གསུང་། །

ཧཱུྃ་ཞེས་མཁྱེན་བརྩེ་ནུས་པའི་རྩལ་ལྡན་ཐུགས། །

དབྱེར་མེད་རྡོ་རྗེའི་བླ་མར་གསོལ་བ་འདེབས། །

 

བཛྲ་མི་ཟད་རྒྱན་གྱི་འཁོར་ལོའི་དབྱིངས། །

གུ་རུ་སངས་རྒྱས་ཀུན་མཉམ་ཕྲིན་ལས་ལ། །

པདྨ་ལས་འཁྲུངས་སྐྱོན་བྲལ་ཡོན་ཏན་རྫོགས། །

མཚུངས་མེད་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །

 

སིདྡྷི་ཁྱེད་ཀྱི་མཛད་པ་ཐུགས་བསྐྱེད་དང་། །

གཉིས་སུ་མེད་པར་སྐལ་བཟང་བདག་སྦྱོར་ལ། །

གདུལ་དཀའ་འདུལ་བའི་ཕྲིན་ལས་ནམ་མཁའ་སྲིད། །

ཧཱུྃ་ཡིག་རྟག་ཁྱབ་ལྷུན་གྲུབ་མཛད་དུ་གསོལ། །

སིནྡྷ་རྒྱ་མཚོ་ཆུང་བ་རྡོ་རྗེའི་རིག་སྔགས་དང་སྦྱར་བའི་ལེའུ་དྲུག་པའོ། །

 

ༀ་ཡིག་བཀྲ་ཤིས་བྱེ་བའི་འབྱུང་གནས་ཆེ། །

ཨཱཿཞེས་སྣང་མཐའ་འཆི་མེད་རིག་འཛིན་ཚུལ། །

ཧཱུྃ་གི་སྣང་སྲིད་ཟིལ་གནོན་བདེ་ཆེན་རྒྱལ། །

ཨོ་རྒྱན་ཡིད་བཞིན་ནོར་བུར་གསོལ་བ་འདེབས། །

 

བཛྲ་དོན་གྱི་ཡེ་ཤེས་དབྱེར་མེད་ཀྱང་། །

གུ་རུ་བསམ་དོན་འགྲུབ་མཛད་སྐུའི་བཀོད་པ། །

པདྨ་རྒྱལ་པོ་བཅུ་གསུམ་སྙིང་ནས་དྲན། །

བསམ་དོན་ལྷུན་གྱིས་གྲུབ་པར་གསོལ་བ་འདེབས། །

 

སིདྡྷི་བདེ་ཆེན་མི་འགྱུར་དེ་ཉིད་དང་། །

གཉིས་མེད་བྱང་ཆུབ་བར་དུ་མི་མཐུན་ཞི། །

འདོད་དགུའི་དོན་ཀུན་འབད་མེད་འགྲུབ་པ་ཡི། །

ཧཱུྃ་ཞེས་བསྐུལ་བཞིན་བསམ་དོན་ཀུན་འགྲུབ་མཛོད། །

བསམ་པ་ལྷུན་གྲུབ་མའི་གསོལ་འདེབས་རྡོ་རྗེའི་རིག་སྔགས་དང་སྦྱར་བའི་ལེའུ་བདུན་པའོ། །

 

ༀ་ཡིག་ཆོས་སྐུ་སྣང་མཐའ་ཚེ་དཔག་མེད། །

ཨཱཿཞེས་ལོངས་སྐུ་འགྲོ་འདུལ་སྤྱན་རས་གཟིགས། །

ཧཱུྃ་གི་སྣང་སྲིད་ཟིལ་གནོན་པདྨ་འབྱུང་། །

སྐུ་གསུམ་བླ་མར་བཞེངས་ལ་གསོལ་བ་འདེབས། །

 

བཛྲ་དྷཱུ་ཏིའི་བདེན་དོན་དགའ་བའི་གཟུགས། །

གུ་རུའི་རྣམ་འཕྲུལ་རིག་འཛིན་བཅུ་དང་གཉིས། །

པདྨ་སྒྱུ་འཕྲུལ་དྲྭ་བའི་ཚོགས་ཀུན་ལ། །

མི་ཕྱེད་དད་པའི་གདུང་བས་གསོལ་བ་འདེབས། །

 

སིདྡྷི་ལས་བཞི་གྲུབ་བརྒྱད་གནས་སྐབས་དང་། །

མཐར་ཐུག་ཕྱག་རྒྱ་ཆེན་པོའི་སར་སྦྱོར་ལ། །

ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། །

ཧཱུྃ་ཡིག་ཡེ་ཤེས་ཐིག་ལེར་རོ་གཅིག་ཤོག །

བར་ཆད་ལམ་སེལགྱི་གསོལ་འདེབས་རྡོ་རྗེའི་རིག་སྔགས་དང་སྦྱར་བའི་ལེའུ་བརྒྱད་པའོ། །

 

ཞེས་པའང་རྨ་ཀླུང་དལ་གྱི་འབབ་པའི་ཆུ་ངོགས་ལྷ་རི་རྨ་གཉན་གངས་རིའི་ཞོལ་གཙང་སྨད་སྨན་གྱི་ནེའུ་སིང་ནས་རང་བྱུང་སངས་རྒྱས་པདྨའི་ཐུགས་རྒྱུད་བསྐུལ་ཕྱིར་རྡོ་རྗེའི་ཚིག་གི་དགོངས་དོན་དང་མཐུན་པར་རང་བྱུང་གསང་བ་རྡོ་རྗེའི་རིག་སྔགས་ལ་སྦྱར་ཏེ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་བྲིས་པ་དགོངས་བརྒྱུད་ཡེ་ཤེས་ཀྱི་བྱིན་རླབས་སྙིང་གི་བདུད་རྩིར་གཅིག་ཏུ་སིམ་པར་གྱུར་ཅིག། །།

 

དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།

Guru Padmasambhava

This website uses cookies to collect anonymous usage statistics and enhance the user experience.
Decline
Accept