The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

The Four Immeasurables—Tibetan

English | Español | Français | Português | བོད་ཡིག

༄༅། །ཚད་མེད་བཞིའི་རྒྱ་ཆེར་འགྲེལ་པ་བཞུགས།

བྱམས་པ་དང་ནི་སྙིང་རྗེ་དང༌། །དགའ་བ་དང་ནི་བཏང་སྙོམས་ཏེ། །དེ་དག་ཆེན་པོ་ཚད་མེད་པ། །འབད་པས་བསྒོམ་ཕྱིར་འདིར་བཤད་བྱ། །འདི་ལྟར་སེམས་ཅན་ཚད་མེད་པ་ལ་དམིགས་པ་དང༌། ཚོགས་ཚད་མེད་པ་དང༌། ཆོས་ཚད་མེད་པ་དང༌། ཡེ་ཤེས་ཚད་མེད་པའོ། །དེ་ལ་སེམས་ཅན་ཚད་མེད་པ་ནི་ཁམས་གསུམ་པའི་སེམས་ཅན་མང་ཉུང་དེ་ཙམ་ཞིག་ཡོད་དོ་ཞེས་དཔག་པར་མི་ནུས་པས་ན་སེམས་ཅན་ཚད་མེད་པ་ཞེས་བྱ་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་འཕགས་པ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་བསྟན་པའི་མདོ་ལས་འདི་སྐད་དུ། རིགས་ཀྱི་བུ་ཕྱོགས་འདི་ཉིད་ན་ཤིང་རྟའི་འཕང་ལོ་ཙམ་གྱི་བུག་པ་ན་གནས་པར་གྱུར་པའི་སེམས་ཅན་གང་དག་དེ་བཞིན་གཤེགས་པས་གཟིགས་པར་གྱུར་པ་དེ་དག་ནི་ཆེས་མང་གི །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ལྷ་དང་མི་རྣམས་ནི་དེ་ལྟ་མ་ཡིན་ཏེ། དེ་ལྟར་སྣང་བར་མ་གྱུར་པའི་སེམས་ཅན་གྱི་ཁམས་ནི་ཚད་མེད་དོ་ཞེས་གསུངས་ཏེ། དེ་ལྟ་བས་ན་སེམས་ཅན་གྱི་ཁམས་ཚད་མེད་པ་གཟུང་བར་མི་ནུས་པས་ན་སེམས་ཅན་ཚད་མེད་པ་ཞེས་བྱའོ། །ཚད་མེད་པ་བསྒོམས་པས་སེམས་ཅན་ཚད་མེད་པ་ལ་ཅི་ལྟར་དམིགས་པར་བྱ་ཞིང་བསྒོམ་ཞེ་ན།འདི་ལྟར་ཁམས་གསུམ་པའི་སེམས་ཅན་ཐམས་ཅད་ཐོག་མ་མེད་པའི་དུས་ནས། སོ་སོའི་ལས་ཀྱི་དབང་གིས་གནས་མཐོ་དམན་དུ་འཁོར་བ་འདི་དག་བདག་དང་ལན་བརྒྱ་སྟོང་དུ་མར་གཉེན་དུ་མ་གྱུར་པ་མེད་དེ། འདི་ནི་བདག་གི་གཉེན་ཡིན་ནོ་སྙམ་ནས། སེམས་ཅན་ཐམས་ཅད་ལ་ཚད་མེད་པ་བཞི་པོས་བཏང་སྙོམས་སུ་གནས་པ་འདི་ནི་སེམས་ཅན་ཚད་མེད་པ་ལ་དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་ཚོགས་ཚད་མེད་པ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པ་སྟེ། རྒྱུར་གྱུར་པ་ནི་ཆོས་བཞི་པོ་ཡིན་ལ་དེ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པ་རྣམ་པ་གཉིས་བསྐྱེད་པའི་རྒྱུའམ་ངོ་བོ་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང་མདོ་དག་ལས་གསུངས་པ། རིགས་ཀྱི་བུ་བྱམས་པའི་ཏིང་ངེ་འཛིན་བསྒོམ་པ་སྟན་ལས་མ་ལངས་པ་ལ་ཡོན་འབུལ་བར་བྱེད་པ་ནི་བསོད་ནམས་དཔག་ཏུ་མེད་པ་བསྐྱེད་པར་འགྱུར་རོ་ཞེས་གསུངས་པ་ལྟ་བུ་སྟེ། འདི་ལྟར་བྱམས་པ་ལ་སོགས་པ་ཚད་མེད་པ་བསྒོམ་པའི་མི་ལ་ཡོན་ཕུལ་བས་ཀྱང་བསོད་ནམས་མང་པོ་འཐོབ་ན་གང་ཚད་མེད་པ་རྣམས་སུ་དངོས་སུ་ཉམས་སུ་བླངས་ཏེ་བསྒོམས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། བསོད་ནམས་ཀྱི་ཕུང་པོ་གོང་མ་བས་ཆེས་མང་དུ་བསྐྱེད་དོ། །དེ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་སྐྱེས་པ་དང༌། རྒྱུ་དེ་ལས་ཆོས་ཀྱི་ཚོགས་ཚད་མེད་པ་བསྐྱེད་ལ། རྒྱུ་དེ་ལས་ཡེ་ཤེས་ཀྱི་ཚོགས་ཚད་མེད་པ་བསྐྱེད་པའོ།།ཆོས་ཚད་མེད་པ་ནི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པ་སྟེ། དེ་འཐོབ་པའི་རྒྱུར་འགྱུར་བ་ནི་ཆོས་བཞི་པོ་ལ་གནས་པའི་སྒོ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྐྱེས་པའི་རྒྱུས་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་རྣམས་སྐྱེ་ཞིང་འགྲུབ་པར་འགྱུར་བས་ན་ཚད་མེད་པ་བཞི་ལ་ནན་དུ་བྱའོ། །ཆོས་བཞི་པོ་དེ་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པའི་དམིགས་པའི་ཡུལ་དུ་གྱུར་པའམ། ཡེ་ཤེས་ཉིད་བྱམས་པ་ལ་སོགས་ཆོས་བཞི་པོ་དེ་དག་གི་ངང་དུ་འམ་ངོ་བོར་གནས་ཏེ། ཤེས་བྱ་དང་ཤེས་པ་ཐ་མི་དད་པའི་སྤྱོད་ཡུལ་དུ་འམ། ངོ་བོར་གྱུར་པའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་བྱམས་པ་ནི་མོས་པས་སྤྱོད་པའི་ས་ནི་ངེས་པར་འབྱེད་པའི་ཆ་བཞི་པོ་སྣང་བ་ཐོབ་པ་དང་སྣང་བ་མཆེད་པ་དང༌། དེ་ཁོ་ན་ཉིད་ཀྱི་དོན་ལ་ཕྱོགས་གཅིག་པ་རྗེས་སུ་ཞུགས་པ་དང༌། བར་ཆད་མེད་པའི་ཏིང་ངེ་འཛིན་ཞེས་བྱ་བ་ངེས་པར་འབྱེད་པའི་ཆ་བཞི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སྟེ། འདི་ལྟར་ངེས་པར་འབྱེད་པའི་ཆ་བཞི་ལ་གནས་པའི་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པའི་དབང་པོའི་སྤྱོད་ཡུལ་དུ་ནི་ལྷ་དང་མི་དང་ཡི་དྭགས་ལ་སོགས་པ་དང་སེམས་ཅན་དམྱལ་བའི་གནས་རྣམས་མངོན་སུམ་དུ་གྱུར་ཏེ། ལྷ་དང་མི་ལ་སོགས་པ་དང་ངན་སོང་གི་གནས་དེ་དག་ན་སྡུག་བསྔལ་བའི་རང་བཞིན་ཅན་གྱི་སེམས་ཅན་རྣམས་མཐོང་ནས་ལྷག་པར་སྙིང་རྗེ་ཆེན་པོ་སྐྱེ་ཞིང་སེམས་ཅན་དེ་དག་ཐོག་མ་མེད་པ་ནས་འཁོར་བར་འཁོར་བ་ན། བདག་གི་གཉེན་དུ་མ་གྱུར་པ་མེད་པར་ཁོང་དུ་ཆུད་ནས་སེམས་ཅན་དེ་དག་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་སེམས་པའི་བྱམས་པ་ཆེན་པོའི་སེམས་བསྐྱེད་པའི་སྒོ་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཐར་ཏེ་བདེ་བ་ལ་གནས་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་ཤིང༌།སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་བྱེད་པ་ནི་སེམས་ཅན་ལ་དམིགས་པའི་བྱམས་པ་ཞེས་བྱ་བའི་ཐ་ཚིག་གོ །བྱང་ཆུབ་སེམས་དཔའ་ས་དང་པོ་བརྙེས་པ་ནས་བདུན་པའི་བར་གྱི་བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་ཀྱི་དེ་ཁོ་ཉིད་མངོན་སུམ་དུ་རྟོགས་པའི་སྒོ་ནས་སེམས་ཅན་ལ་བྱམས་པ་སྐྱེ་སྟེ། དེ་ཡང་འདི་ལྟར་ཆོས་ཐམས་ཅད་རང་བཞིན་ཉིད་མེད་པ་ཡིན་ན། སེམས་ཅན་རྣམས་ཀྱིས་དེ་ལྟར་མ་ཤེས་ཏེ་དངོས་པོ་ལ་མངོན་པར་ཞེན་པས་ཁམས་གསུམ་དུ་འཁོར་བར་གྱུར་པ་རེ་སྡུག་པ་དེ་དག་ལ་བྱམས་པའི་སེམས་སྐྱེ་ཞིང་འདི་དག་གི་ཆོས་ཉིད་རྟོགས་པར་ཤོག་ཅེས་སྨོན་ལམ་འདེབས་ཤིང༌། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་ཕན་འདོགས་པ་བྱེད་པ་ནི་ཆོས་ལ་དམིགས་པའི་བྱམས་པ་ཞེས་བྱ་བའི་ཐ་ཚིག་གོ །བྱང་ཆུབ་སེམས་དཔའ་ས་བརྒྱད་པ་བརྙེས་པ་ཡན་ཆད་ནས་སངས་རྒྱས་ཀྱི་ས་བརྙེས་པ་མན་ཆད་ནི་ལྷུན་གྱིས་གྲུབ་པའི་ས་དམིགས་པ་མེད་པ་ཞེས་བྱ་བ་སྟེ། ས་བརྒྱད་པ་ཡན་ཆད་ན་རྟོག་པ་མེད་པ་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་སེམས་ཅན་ལ་བྱམས་པ་སྐྱེ་ཞིང་ཕན་འདོགས་པར་མཛད་དེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་དཔག་བསམ་གྱི་ཤིང་བཞིན་དུ་སེམས་ཅན་ལ་ཕན་འདོགས་ཏེ། དེ་ཡང་རྟོག་མི་མངའ་བཞིན་དུ་སྔོན་གྱི་སྨོན་ལམ་གྱི་དབང་གིས་སེམས་ཅན་ལ་བྱམས་པ་ཆེན་པོ་ཡང་ལྷུན་གྱིས་གྲུབ་པར་འབྱུང་ཞིང་སེམས་ཅན་གྱི་དོན་མཛད་པ་དེ་ནི་དམིགས་པ་མེད་པའི་བྱམས་པ་ཞེས་བྱ་བའི་ཐ་ཚིག་གོ །འོ་ན་སོ་སོའི་སྐྱེ་བོ་ལས་དང་པོ་པས་སེམས་ཅན་ལ་དམིགས་པའི་བྱམས་པ་ཇི་ལྟར་བསྒོམ་ཞེ་ན། འདི་ལྟར་སོ་སོའི་སྐྱེ་བོ་ལས་དང་པོ་པས་སེམས་ཅན་ལ་དམིགས་པའི་བྱམས་པའི་བསྒོམ་རིམ་འདི་ལྟར་བྱ་སྟེ། སེམས་ཅན་སྙིང་དུ་སྡུག་པ་དང༌། ཐ་མལ་པ་དང༌། སྙིང་དུ་མི་སྡུག་པ་ཡིན་པའི་རྣམ་པ་འདི་གསུམ་ཡོད་པ་ལས།སེམས་ཅན་སྙིང་དུ་སྡུག་པ་ལ་ཡང་གསུམ་དུ་དབྱེ་སྟེ། རབ་འབྲིང་ཐ་མ་གསུམ་དུའོ། །སེམས་ཅན་ཐ་མལ་པ་དང༌། མི་སྡུག་པ་ལ་ཡང་གསུམ་དུ་དབྱེ་སྟེ། རབ་འབྲིང་ཐ་མ་སྟེ། དགུ་རུ་དབྱེ་བ་བྱས་ལ། ཐོག་མར་འབྲིང་ཙམ་དུ་སྡུག་པ་དེ་ཕ་མ་ལ་སོགས་པར་རབ་ཏུ་བསྒོམ་མོ། །དེ་གོམས་པ་དང་ཐ་མལ་པ་ཀུན་རབ་དང་འདྲ་བར་བསྒོམ། དེ་ནས་ཅུང་ཟད་མི་སྡུག་པ་སྡུག་པ་རབ་དང་འདྲ་བར་བསྒོམ། དེ་གོམས་པ་དང་མི་སྡུག་པ་འབྲིང་སྡུག་པ་རབ་དང་འདྲ་བར་བསྒོམ། །དེ་ནས་ཤིན་ཏུ་མི་སྡུག་པ་ལ་ཡང་ཕ་མ་དང་འདྲ་བར་བྱ་སྟེ། དེ་ལྟར་གོམས་པའི་དམིགས་པ་ཡང་སེམས་ཅན་ཐམས་ཅད་ཐོག་མ་མེད་པའི་དུས་ནས་ཕ་མ་ལ་སོགས་པ་གཉེན་དུ་མ་གྱུར་པ་མེད་པ་དང༌། དེ་ལྟར་སྒོམ་པ་ཡང་ཐོག་མར་ཡང་ཁྱིམ་གང་གི་མི་ཙམ་ལ་བསྒོམས་པ་ནས་རིམ་གྱིས་ཏེ། དེ་ནས་ནི་མཐའ་ཡས་པར་བསྒོམ་མོ་ཞེས་བྱ་བའི་དོན་བསྟན་ཏོ། །དེ་ལ་སྙིང་རྗེ་ནི་སྡུག་བསྔལ་བའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ལ་སོགས་གསུམ་མམ། སྐྱེ་པ་ལ་སོགས་པ་བརྒྱད་ཀྱིས་སྡུག་བསྔལ་བའི་སེམས་ཅན་དེ་དག་ཀུན་གྱི་སྡུག་བསྔལ་སྙིང་རྗེས་སེལ་ཞེས་བྱ་བའི་ཐ་ཚིག་གོ །ཉེས་པ་བྱེད་པའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ནི་གོང་གི་སྡུག་བསྔལ་དེ་དག་རྩ་བའམ། རྒྱུ་མི་དགེ་བ་ལ་སྤྱོད་པའི་སེམས་ཅན་དེ་དག་གི་མི་དགེ་བ་ཀུན་སྙིང་རྗེས་སེལ་ཞེས་བྱ་བའི་དོན་ཏོ། །རྐྱེན་དང་མི་ལྡན་པས་རྣམ་པར་མ་གྲོལ་བའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ནི་སེམས་ཅན་དགེ་བའི་བཤེས་གཉེན་དང་མི་ལྡན་པས་ཆོས་མ་ཐོས་པ་སྟེ།དེ་ཡང་རྒྱུད་ལས། དགེ་བཤེས་མ་བསྟེན་ཆོས་མ་མཉན་བྱ་བ་དང༌། མ་གྲོལ་བའི་སེམས་ཅན་སྙིང་རྗེས་གྲོལ་བར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ལ་དགའ་བ་ནི་དེ་ལ་སེམས་ཅན་དག་ཟང་ཟིང་གི་འབྱོར་བ་དང༌། ཆོས་ཀྱི་འབྱོར་བ་དང༌། བདེ་བའི་འབྱོར་བ་དང་ལྡན་པས་དགའ་བའོ། །བདག་གི་ཚོགས་ཡོངས་སུ་རྫོགས་པ་ལ་དམིགས་པའི་དགའ་བ་ནི་བདག་ཉིད་དགེ་བའི་ཚོགས་ཆེ་བ་ལ་དམིགས་ནས་དགའ་བའི་དོན་ཏོ། །དམ་པའི་ཆོས་ཀྱི་རོ་ལ་དམིགས་པའི་དགའ་བ་ནི་བདག་དང་གཞན་ཆོས་ཐོས་པའི་རོ་དང༌། བསམ་པ་དང་བསྒོམ་པའི་རོ་རྙེད་པའི་སྒོ་ནས་དགའ་བའི་དོན་ཏོ། །དེ་ལ་བཏང་སྙོམས་ནི་སེམས་ཅན་གྱི་དོན་ལ་སྤྱོད་པ་དག་ནི་སྐལ་བ་ཡོད་པ་དང་སྐལ་བ་མེད་པའི་བཏང་སྙོམས་ནི། སྐལ་བ་དང་ལྡན་པའི་དོན་ནི་བྱ། སྐལ་པ་དང་མི་ལྡན་པའི་དོན་ནི་མི་བྱ་ཞེས་དེ་ལྟར་འབྱེད་པ་མེད་པར་གཉིས་ཀའི་དོན་སྙོམས་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ །འཇིག་རྟེན་གྱི་ཆོས་བརྒྱད་པོ་རྙེད་པ་དང་མ་རྙེད་པ་ལ་སོགས་པའི་སྒྲས་བསྡུས་པ་འདི་ལྟ་སྟེ། བདེ་བ་དང༌། སྡུག་བསྔལ་བ་དང༌། བསྟོད་པ་དང༌། སྨད་པ་དང༌། གྲགས་པ་དང༌། མ་གྲགས་པ་ལ་དགའ་བ་དང་མི་དགའ་མེད་པར་བཏང་སྙོམས་སུ་གནས་པ་སྟེ། དེ་ལ་འཇིག་རྟེན་གྱི་ཆོས་བརྒྱད་ནི་རྙེད་པ་དང་མ་རྙེད་པ་ལ་སོགས་པ་ལ་བྱ་སྟེ།ཆོས་བརྒྱད་པོ་དེ་དག་འཇིག་རྟེན་ན་གྲགས་ཤིང་ཡོད་པའི་ཕྱིར་འཇིག་རྟེན་གྱི་ཆོས་བརྒྱད་དོ། །ཆོས་བརྒྱད་པོ་དེ་དག་ལ་ཇི་ལྟར་བཏང་སྙོམས་སུ་གནས་ཤེ་ན། འདི་ལྟར་བདག་གིས་ལོངས་སྤྱོད་ཕུན་སུམ་ཚོགས་པ་རྙེད་པ་ན་དེ་ལ་དགའ་བ་སྟེ་ཆགས་པ་ཡང་མེད་ལ། ལོངས་སྤྱོད་འགྲིབས་སམ་མ་རྙེད་ན་ཡང་དེའི་ཡིད་ཆད་པ་མེད་ཅིང་མི་དགའ་བ་མེད་པ་ནི་རྙེད་མ་རྙེད་ལ་དགའ་མི་དགའ་མེད་པའི་བཏང་སྙོམས་ཞེས་བྱའོ། །བདག་གི་མཛའ་བོ་བྱམས་པ་ཞིག་གིས་བདག་གི་ལུས་ལ་སྤོས་དང་ཙནྡན་ལ་སོགས་པའི་བྱུག་པས་ཉུག་ཅིང་བསྙེན་བཀུར་དང་བསྟི་སྟང་བྱེད་ན་བཀུར་སྟིའི་བདེ་བ་ལ་དགའ་ཞིང་ཆགས་པ་ཡང་མེད་ལ། དགྲ་བོ་ཞིག་གིས་བདག་གིས་ལུས་ལ་བརྡེག་བརྡུང་ལ་སོགས་པ་བྱེད་ན་ཡང་དེ་ལའང་མི་ཁྲོ་ཞིང་བརྡེག་བརྡུང་གི་སྡུག་བསྔལ་དང་དུ་བླང་བ་དང༌། སྡུག་གོ་མི་སྙམ་སྟེ། བདེ་སྡུག་ལ་དགའ་མི་དགའ་མེད་པའི་བཏང་སྙོམས་ཞེས་བྱའོ། །བདག་གི་མཛའ་བོ་ཞིག་གིས་བདག་གིས་རིགས་ལས་གླེངས་ཏེ་སྙན་པའི་ཚིག་གིས་བསྟོད་ན་དེ་ལ་དགའ་ཞིང་གཟེངས་མཐོ་བར་འགྱུར་བ་ཡང་མེད་ལ། དགྲ་བོ་ཞིག་གིས་བདག་གི་སྐྱོན་བྲུས་ཤིང་བསྒྲགས་ན་ཡང་དེ་ལ་ཡང་མི་དགའ་ཞིང་དཔའ་ཞུམ་པ་མེད་པ་ནི་བསྟོད་པ་དང་སྨད་པ་ལ་དགའ་བ་དང༌། མི་དགའ་བ་མེད་པའི་བཏང་སྙོམས་ཞེས་བྱའོ། །བདག་གི་ཡོན་ཏན་ཡོད་པ་སྐྱེ་བོ་མང་པོས་ཐོས་ཤིང་ཤེས་པར་གྱུར་པ་ན་འདི་སྙམ་དུ་བདག་ནི་ཡོན་ཏན་ཅན་དུ་སྐྱེ་བོ་མང་པོས་ཤེས་པས་བདག་གི་ཡོན་ཏན་གྲགས་ཏེ་མ་སུབས་སོ་ཞེས་ཡོན་ཏན་གྲགས་པ་ལ་དགའ་བ་ཡང་མེད་ལ། བདག་གི་ཡོན་ཏན་སྐྱེ་བོ་མང་པོས་མ་ཐོས་ཤིང་མ་ཤེས་ན་ཡང་བདག་གི་ཡོན་ཏན་མ་གྲགས་ཏེ། ནུབ་བོ་ཞེས་མི་དགའ་བ་མེད་པ་ནི་ཡོན་ཏན་གྲགས་པ་དང་མ་གྲགས་པ་ལ་དགའ་བ་དང་མི་དགའ་བ་མེད་པའི་བཏང་སྙོམས་ཞེས་བྱ་བའི་དོན་ཏོ།།ཚོགས་ཞེས་བྱ་བ་ནི་གོང་གི་ཚིག་སྟེ། ཚོགས་ཡོངས་སུ་བསྐང་བ་ལ་དུས་དང་དུས་མ་ཡིན་པ་ལ་དམིགས་པའི་བཏང་སྙོམས་ནི་བདག་ཉིད་དགེ་བའི་ཚོགས་བསྐང་ཞིང་སྤྱད་པ་ལ་དུས་འདིར་ནི་བྱ། དུས་འདིར་ནི་མི་བྱ་ཞེས་འབྱེད་པ་མེད་པར་དུས་ཀུན་ཏུ་སྤྱོད་པར་བྱེད་པའོ། །ཚད་མེད་བཞི་པོ་དག་ནི་ཚངས་པའི་གནས། །བསྒོམ་པའི་ཀུན་གྱི་དོན་དུ་བདག་གིས་འདི། །སེམས་ཅན་དོན་དུ་བྱས་ཤིང་བསྡེབས་པ་དེས། །འགྲོ་ཀུན་སྒྲིབ་བྲལ་མྱུར་དུ་སངས་རྒྱས་ཤོག །ཚད་མེད་པ་བཞིའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་བུདྡྷ་གུཔྟས་མཛད་པ་རྫོགས་སོ།། །།

བུདྡྷ་གུཔྟ།

Padmapāṇi, Ajanta

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept