The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Aspiration for the Copper-Coloured Mountain of Glory—Tibetan

English | Français | 中文 | བོད་ཡིག

༄༅། །ཟངས་མདོག་དཔལ་རིའི་སྨོན་ལམ། ཡེ་ཤེས་མཚོ་རྒྱལ་གྱིས་མཛད་པའི་སྨོན་ལམ་བཞུགས་སོ། །

 

ཨེ་མ་ཧོ༔

རྣམ་དག་ཟབ་ལམ་སྟོན་པའི་བླ་མ་དང་༔

སྒྲུབ་ལ་འདོད་དགུ་སྩོལ་བའི་ཡི་དམ་ལྷ༔

བར་ཆད་མ་ལུས་སེལ་བའི་མཁའ་འགྲོ་ལ༔

གསོལ་བ་འདེབས་སོ་བརྩེ་བས་གཟུང་དུ་གསོལ༔

 

བདག་ནི་འཆི་བར་གྱུར་བའི་དུས་ཀྱི་ཚེ༔

ཚེ་འདིར་ཞེན་པའི་སྣང་བ་མི་འབྱུང་ཞིང་༔

ཞིང་ཁམས་གཞན་དུ་འཕོ་བའི་དྲན་འདུན་གྱིས༔

ལུས་སེམས་བྲལ་བའི་སྡུག་བསྔལ་མེད་པར་ཤོག༔

 

ཚེ་འདིའི་སྣང་བ་ནུབ་པར་གྱུར་པའི་ཚེ༔

འཇའ་འོད་གདུང་དང་མེ་ཏོག་ཆར་འབེབས་ཤིང་༔

དབྱངས་སྙན་གླུ་གར་རོལ་མོའི་ཚོགས་དང་བཅས༔

དཔའ་བོ་མཁའ་འགྲོས་མདུན་ནས་བསུ་བར་ཤོག༔

 

དེ་ཚེ་དྲན་པ་མ་ཉམས་བསྐྱེད་རིམ་གསལ༔

རྫོགས་རིམ་ཏིང་འཛིན་མི་གཡོ་མངོན་གྱུར་ནས༔

ཟུང་འཇུག་རྡོ་རྗེ་འཆང་གི་སྐུར་བཞེངས་ཏེ༔

མ་ནོར་ལམ་ལ་བདག་གིས་བགྲོད་པར་ཤོག༔

 

གལ་ཏེ་ལས་ཀྱིས་འཁོར་བར་འཁྱམས་སྲིད་ན༔

དམྱལ་བའི་ས་ཕྱོགས་ཡིད་འོང་གཞལ་ཡས་ཁང་༔

དམྱལ་སྲུང་རྣམས་ཀྱང་སྣང་སྟོང་ལྷ་ཡི་སྐུ༔

མནར་མེད་སྡུག་བསྔལ་བདེ་བར་འཆར་བར་ཤོག༔

 

རིག་འཛིན་བླ་མ་རྣམས་ཀྱིས་མཐའ་ནས་བརྟེན༔

ཡི་དམ་ལྷ་ཚོགས་རྣམས་ཀྱིས་རྒྱབ་བརྟེན་ནས༔

ཆོས་སྐྱོང་སྲུང་མ་རྣམས་ཀྱིས་ཕྱི་ནས་སྐྱོང་༔

དཔའ་བོ་མཁའ་འགྲོས་མདུན་ནས་བསུ་བར་ཤོག༔

 

ནུབ་ཕྱོགས་ཨོ་རྒྱན་ཟངས་མདོག་དཔལ་གྱི་རི༔

པདྨ་འོད་ཀྱི་དྲྭ་བའི་གཞལ་ཡས་ཁང་༔

རིག་འཛིན་བླ་མ་བཞུགས་པའི་ཞིང་ཁམས་སུ༔

པདྨའི་སྦུབས་སུ་བརྫུས་ཏེ་སྐྱེ་བར་ཤོག༔

 

སྐྱེ་མ་ཐག་ཏུ་རྒྱལ་སྲས་པདྨ་དང་༔

དངོས་སུ་མཇལ་ནས་ཡིན་པར་ངོ་ཤེས་ནས༔

བཅོས་མ་མིན་པའི་མོས་གུས་དྲག་པོ་ཡིས༔

འབྲལ་མེད་བརྟེན་ཅིང་རྗེས་སུ་འཛིན་པར་ཤོག༔

 

དེ་ཚེ་རིག་འཛིན་པདྨ་འབྱུང་གནས་དང་༔

སངས་རྒྱས་བྱང་སེམས་རིག་འཛིན་མཁའ་འགྲོའི་ཚོགས༔

རྒྱལ་བ་རྣམས་ཀྱི་སྲས་སུ་བདག་གྱུར་ནས༔

མི་ནུབ་བསྟན་པའི་རྒྱལ་མཚན་འཛིན་པར་ཤོག༔

 

ཁམས་གསུམ་འཁོར་བའི་སེམས་ཅན་མ་ལུས་པ༔

འཁོར་བའི་རྒྱ་མཚོ་ཆེ་ལས་མྱུར་བསྒྲལ་ནས༔

རྣམ་གྲོལ་ཐར་པའི་གླིང་དུ་འཁྲིད་ནུས་པའི༔

དེད་དཔོན་ཐམས་ཅད་མཁྱེན་པར་བདག་གྱུར་ཅིག༔

 

བླ་མེད་དཀོན་མཆོག་གསུམ་གྱི་བྱིན་རླབས་དང་༔

ཡི་དམ་ལྷ་ཚོགས་རྣམས་ཀྱི་ནུས་མཐུ་དང་༔

བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས༔

ཇི་ལྟར་སྨོན་པའི་གནས་འདིར་འགྲུབ་པར་ཤོག༔

 

ཅེས་མཆིམས་ཕུ་ནགས་ཀྱི་དུར་ཁྲོད་དུ་མཁའ་འགྲོ་མ༔ ཡེ་ཤེས་མཚོ་རྒྱལ་གྱིས་མཛད་པའི་སྨོན་ལམ་རྫོགས་སོ།། །།

 

ཡེ་ཤེས་མཚོ་རྒྱལ།

Copper-Coloured Mountain of Glory

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept