Additional Verses for the Cleansing Section—Tibetan
༄༅། །རབ་གནས་དགེ་ལེགས་ཆར་འབེབ་ཁྲུས་གསོལ་སྐབས་ཁ་སྐོང་།
ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །
གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །
ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །
རིགས་ལྔ་བདེ་བར་གཤེགས་ལ་སྐུ་ཁྲུས་གསོལ། །
ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ།
མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །
དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །
ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །
རྡོ་རྗེ་སེམས་དཔའ་ཆེ་ལ་སྐུ་ཁྲུས་གསོལ། །
ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ།
སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །
འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་དང་། །
ཤཱཀྱ་ཐུབ་པ་གཽ་ཏམ་ལྷ་ཡི་ལྷ། །
སངས་རྒྱས་དཔའ་བོ་བདུན་ལ་སྐུ་ཁྲུས་གསོལ། །
ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ།
ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །
གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །
གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །
ཤཱཀྱའི་རྒྱལ་པོ་ཁྱོད་ལ་སྐུ་ཁྲུས་གསོལ། །
ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ།
བཀྲ་ཤིས་འབྱུང་དང་བྱང་ཆུབ་ཆེན་པོ་དང་། །
ཆོས་འཁོར་ཆོ་འཕྲུལ་ཆེན་པོ་ལྷ་ལས་བབས། །
དབྱེན་བཟླུམས་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས། །
མྱང་འདས་མཆོད་རྟེན་རྣམས་ལ་སྐུ་ཁྲུས་གསོལ། །
ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ།
ཀུན་བཟང་རིགས་ལྔ་སེམས་དཔའ་ཡབ་ཡུམ་དང་། །
ཐུབ་དྲུག་སྒོ་བ་ཁྲོ་རྒྱལ་ཡབ་ཡུམ་བཅུ། །
གནས་ཡུལ་མ་མོ་དབང་ཕྱུག་སྒོ་སྐྱོང་སོགས། །
དམ་པ་རིགས་བརྒྱའི་ཚོགས་ལ་སྐུ་ཁྲུས་གསོལ། །
ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ།
མ་མོ་མཁའ་འགྲོ་ཀུན་གྱི་གཙོ་མོ་སྟེ། །
བད་ཆད་སེལ་མཛད་རྡོ་རྗེ་ཕག་མོ་ཡུམ། །
རིགས་ཀྱི་ལྷ་མོ་གསང་བ་ཡེ་ཤེས་དབྱིངས། །
མ་སྲིང་མཁའ་འགྲོའི་ཚོགས་ལ་སྐུ་ཁྲུས་གསོལ། །
ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ།
རྒྱ་གར་པཎ་ཆེན་བོད་ལ་བཀའ་དྲིན་ཆེ། །
པདྨ་ལས་འཁྲུངས་སྐུ་ལ་འདས་གྲོངས་མེད། །
ད་ལྟ་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད། །
ཨོ་རྒྱན་རིན་པོ་ཆེ་ལ་སྐུ་ཁྲུས་གསོལ། །
ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ།
སྔོན་ཚེ་ཨོ་རྒྱན་ཆེན་པོའི་སྤྱན་སྔ་རུ། །
ཆོས་བཞིན་སྒྲུབ་པར་མཛད་པའི་གང་ཟག་ལ། །
མ་ཡིས་བུ་བཞིན་སྐྱོང་བར་ཞལ་བཞེས་པའི། །
ཆོས་སྐྱོང་སྲུང་མ་རྣམས་ལ་སྐུ་ཁྲུས་གསོལ། །
ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ།