The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Concise Guru Yoga of Tulku Urgyen Rinpoche—Tibetan

English | བོད་ཡིག

༄༅། །ཡབ་རྗེ་དམ་པ་ཀརྨ་ཨོ་རྒྱན་ཚེ་དབང་མཆོག་གྲུབ་དཔལ་འབར་བླ་སྒྲུབ་བསྡུས་པ།

 

ཨ བླ་མ་མཁྱེན་ནོ། །

ཡབ་རྗེ་ཨོ་རྒྱན་ཚེ་དབང་མཁྱེན་ནོ། །

རྟོགས་པས་བདག་རྒྱུད་གྲོལ་བར་མཛོད་ཅིག །

ཆོས་དབང་ཡང་སྤྲུལ་ཡབ་རྗེ་མཁྱེན་ནོ། །

ཐུགས་རྗེས་གཞན་རྒྱུད་གྲོལ་བར་བྱིན་གྱིས་རློབས་ཤིག །

ལྷ་ལུང་དཔལ་རྡོར་ཡང་སྤྲུལ་ཨོ་རྒྱན་མཁྱེན། །

ཁྲེག་ཆོད་ངོ་སྤྲད་ཐག་བཅད་གདེང་གྲོལ་བཅའ། །

གཏེར་ཆེན་དངོས་སྣང་ཨོ་ཌཱི་ཡ་ན་མཁྱེན། །

ཐོད་རྒལ་སྣང་བཞི་མཐར་ཕྱིན་ཆོས་ཉིད་ཟད་སར་འཁྱོལ། །

 

དོན་བརྒྱུད་རྟོགས་པའི་རིག་རྩལ་དབང་ཆེན་དེ་བསྐུར་དུས། །

དགོངས་བརྒྱུད་ཐུགས་རྗེའི་བྱིན་རླབས་སྙིང་དབུས་སུ་ཐིམ་སོང་། །

གཤིས་འགྱུར་མེད་ཆོས་སྐུ་ཉག་གཅིག་ཀློང་། །

གདངས་འགག་མེད་ལོངས་སྐུའི་གསལ་ཆ་ཅན། །

རྩལ་སྣ་ཚོགས་འཆར་བ་དབྱིངས་སུ་ཐིམ། །

འདིར་སྣང་ཐམས་ཅད་སྒྱུ་མ་རྨི་ལམ་ལྟར་ཤར་སོང་། །

འཁོར་འདས་གཉིས་འཛིན་བཅིངས་པའི་དྲི་མ་དང་བྲལ་སོང་། །

ཡ་གི་ཟངས་མདོག་དཔལ་རིའི་རེ་དོགས་དང་བྲལ་སོང་། །

མ་གི་ན་རག་དམྱལ་བའི་རེ་དོགས་དང་བྲལ་སོང་། །

ཀུན་རྫོབ་ཕྱི་ཡི་བླ་མས་དབང་བཞི་ཡི་བསྐུར་དུས། །

དོན་དམ་ནང་གི་བླ་མ་སྙིང་དབུས་སུ་མཇལ་སོང་། །

རིག་པ་ཀ་དག་ཆོས་སྐུ་རྩ་བླ་དེ་དྲན་བྱུང་། །

རང་བཞིན་གསལ་ཆ་ལོངས་སྐུའི་བླ་མ་དེ་དྲན་བྱུང་། །

ཐུགས་རྗེ་ཆུ་ཟླ་ལྟར་སྣང་སྤྲུལ་སྐུ་དེ་དྲན་བྱུང་། །

སྐུ་གསུམ་རང་ཆས་ལྷུན་གྲུབ་ཡབ་རྗེ་ཁྱེད་མཁྱེན་ནོ། །

གསོལ་བ་འདེབས་སོ་ཨོ་ཌཱི་ཡ་ན་མཁྱེན། །

གདུང་བས་འབོད་དོ་དྲིན་ཆེན་རྩ་བླ་མཁྱེན། །

སྐལ་མེད་བདག་ལ་རེ་ས་ཁྱེད་ལས་མེད། །

 

དགོངས་དབྱིངས་དབྱེར་མེད་འདྲེས་པར་བྱིན་གྱིས་རློབས། །

རྟོགས་པའི་ཉི་མ་འཆར་བར་བྱིན་གྱིས་རློབས། །

འཁོར་འདས་དབྱེར་མེད་རྟོགས་པར་བྱིན་གྱིས་རློབས། །

སྣང་སེམས་དབྱེར་མེད་འདྲེས་པར་བྱིན་གྱིས་རློབས། །

རིག་སྟོང་རྗེན་པར་ཤར་བར་བྱིན་གྱིས་རློབས། །

བདེ་སྟོང་ཟུང་འཇུག་རྟོགས་པར་བྱིན་གྱིས་རློབས། །

འཇའ་ལུས་འཕོ་ཆེན་ཐོབ་པར་བྱིན་གྱིས་རློབས། །

སྙིང་དབུས་པདྨས་ཁེབ་པའི་ཞིང་དེར་དྲོངས། །

 

རྒྱལ་སྲས་སེམས་དཔའ་པདྨའི་མྱུ་གུ་ནི། །

གཏེར་ཆེན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་། །

མཉམ་བཞག་ཆོས་འཆད་བདུད་རྩི་ཀ་པ་ལ། །

རིག་གྲོལ་འགགས་མེད་ཐུགས་རྗེ་ལྷུན་གྱིས་གྲུབ། །

པདྨས་ཁེབ་པའི་ཞིང་དེར་སྐྱེ་བར་ཤོག །

 

ཆུ་མོ་ལུག་ལོ་བོད་ཟླ་༧ ཚེས་༢༤ རེས་གཟའ་སྤེན་པའི་ཐོ་རངས་རྩ་གསུམ་ཚེ་ཟབ་བསྙེན་པའི་སྐབས་ཡབ་རྗེ་དམ་པ་ཀརྨ་ཨོ་རྒྱན་ཚེ་དབང་མཆོག་སྔར་རྫོགས་ཆེན་ཀུན་བཟང་ཐུགས་ཏིག་སྨིན་གྲོལ་དབང་དང་ཁྲེག་ཆོད་ལྟ་བའི་སྐོར་དང་ཐོད་རྒལ་རིག་པའི་རྩལ་དབང་སྐབས་སྣང་བཞི་འཆར་ཚུལ་སྐོར་གསུང་སྐབས་དྲན་བཞིན་པས་གང་ཤར་ཐོལ་བྱུང་དུ་བྲིས་པའོ། །

ཅེས་པའང་སྔ་འགྱུར་བཀའ་གཏེར་རིང་ལུགས་ལ་དད་པའི་ཆ་ཙམ་འཛིན་པ་ཚང་རིགས་སྔགས་འཆང་མིང་ཙམ་འཛིན་པ་ཁོ་བོ་རྩི་ཀེ་མཆོག་གླིང་སྐྱེ་སྤྲུལ་བཞི་པ་མི་འགྱུར་བདེ་བའི་རྡོ་རྗེ་ནས་བྲིས་པའོ།། །།

 

རྩི་ཁེ་མཆོག་གླིང་རིན་པོ་ཆེ།

སྤྲུལ་སྐུ་ཨོ་རྒྱན་རིན་པོཆེ།

Further information:

BDRC Author Profiles: P1AG101 P9901

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept