The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Concise Excellent Vase of Jewels—Tibetan

English | བོད་ཡིག

༄༅། །བླ་མའི་ཐུགས་གྲུབ་བར་ཆད་ཀུན་སེལ་གྱི་ནོར་སྒྲུབ་རིན་ཆེན་བུམ་བཟང་བསྡུས་པ་ཞེས་བྱ་བ་བཞུགས་སོ། །

 

སྐྱབས་འགྲོ་ནི།

རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ

ཞེས་སྐྱབས་ཡུལ་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར།

ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔

སྐྱབས་ཀྱི་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔

སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནས༔

སྐུ་གསུམ་བླ་མའི་གོ་འཕང་བསྒྲུབ་པར་བགྱི༔

ལན་གསུམ།

ཛཿཧཱུྃ་བྃ་ཧོཿ སྐྱབས་ཡུལ་རྣམས་རང་ལ་ཐིམ།

 

གཉིས་པ་བགེགས་ཚོགས་མཚམས་གཅོད་པ་ལ་གཉིས།

བསེ་རག་བསྐྲད་པ་དང༌། མཚམས་བཅད་པའོ། །

དང་པོ་ནི།

རང་ཉིད་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པའི་སྐུར་གྱུར་པར་བསམ་ལ།

ཨོཾ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ༔

ཨོཾ་བྷུར་ཀུཾ་མ་ཧཱ་པྲ་ན་ཡེ་བྷུར་ཙི་བྷུརྐི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་རཱ་ཛ་ཧཱུྃ་ཕཊ༔

ཅེས་བཟླ། ཁྲུས་ཆུ་ལ་དམིགས་ཏེ།

ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ ཡྃ་ཧོ་ཤུདྡྷེ་ཤུདྡྷེ༔ རྃ་ཧོ་ཤུདྡྷེ་ཤུདྡྷེ༔ བྃ་ཧོ་ཤུདྡྷེ་ཤུདྡྷེ༔ ལྃ་ཧོ་ཤུདྡྷེ་ཤུདྡྷེ༔ ཨེ་ཡྃ་བྃ་རྃ་ལྃ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔

ཞེས་བཟླས་ལ་ཁྲུས་ཆུ་དང་རྡོ་ཐུན་ལ་ཕུས་བཏབ། ཡས་རྣམས་ཆང་སྐྱུར་གྱིས་བྲན་ལ། སྔགས་དྲུག་ཕྱག་དྲུག་དང༌།

ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ

ༀ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿབི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ།

ཨོྃ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུཾ་ཕཊ།

ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ༀ་སམྦྷ་ར་སམྦྷ་ར་ཧཱུྂ།

ༀ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ། ན་མཿས་མནྟ་སྥ་ར༌ཎ། རསྨི་བྷ་ཝ་ས་མ་ཡ་མཧཱ་མ་ཎི། དུ་རུ་དུ་རུ། ཧྲི་ད་ཡ་ཛྭ་ལ་ནི་ཧཱུྂ།

ན་མཿས་མནྟ་བུདྡྷ་ནཱཾ་གྲ་ཧི་ཤྭ་རི་པྲ་བྷཉྫ་ཏི་སྭཱ་ཧཱ།

ཨོཾ་ཨཱཿཧཱུྃ་གིས་འདོད་ཡོན་དུ་བྱིན་གྱིས་བརླབ། 

ཨོཾ་སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿས་བཀུག

 

༈ འགུགས་པའི་ཟུར་འདེབས་ནི།

ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅས་དམིགས་པ་རྩེ་གཅིག་པས།

ན་མོ། བྱིན་རླབས་ཀྱི་རྩ་བ་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌།

དངོས་གྲུབ་ཀྱི་རྩ་བ་ཡི་དམ་ཟབ་པ་སྐོར་བདུན་གྱི་དཀྱིལ་འཁོར་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌།

ཕྲིན་ལས་ཀྱི་རྩ་བ་དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྲུང་དགོངས་འདུས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༌།

བདེན་པ་ཆེན་པོའི་མཐུ་སྟོབས་ནུས་པ་ལ་བརྟེན་ནས། ཆོས་མཛད་ཡོངས་ལ་སྒབ་འདྲེར་སྡང་ཞིང༌།

སྣོད་བཅུད་མངའ་ཐང་ཉམས་པར་བྱེད་པ། བསེ་རག་རྒྱལ་མོ་ཁ་དགུ་མཚང་ཅན། བཙའ་བྱེད་མིག་དམར། ཐན་བྱེད་ཁ་སྐྱ། སད་བྱེད་ལག་རྡུམ།

སྐྱི་འདང་ཤ་སྒལ། ལྕགས་ཐིལ་སྔོན་པོ། ཨ་མགོ་ཆང་རྐུན། བྷེ་ཉ་ཞོ་རྐུན། བསྙབ་པ་ལག་རིང༌།

ཐེའུ་རང་སྟོང་འཁྲུག་སོགས་ལྟོགས་འགོང་དབུལ་སྲི་ཐམས་ཅད་གླུད་གཟུགས་ཡས་སྟགས་འདི་ལ་ཁུག་ཅིག །

སྨེ་བརྩེགས་ཀྱི་སྔགས་མཐར།

ལྟོག་འདྲེ་དབུལ་སྲི་ཐམས་ཅད་ཨཱ་ཀརྵ་ཡ་ཛཿ

ཞེས་གསུམ་མམ་བདུན་སོགས་དང་སྦྱར།

ཛཿཧཱུྃ་བྃ་ཧོས་བསྟིམ། 

ཡས་རྫས་རྣམས་བྱིན་གྱིས་རླབས་ཤིང་བསྔོ་སྦྱང་གྱེར་རོ། །

འགུགས་པའི་ལྷན་ཐབས་ཤིག་བྲི་བར་སེམས་པའི་སྐབས་སུ་དཀར་པོ་དགེ་བཤེས་པདྨ་ས་བཅུའི་བསྐུལ་ངོར། གཏེར་བློན་རཏྣས་བྲིས་པ་ཛ་ཡནྟུ།། །།

 

༈ སམྦྷཱ་རས་ཆངས་བུ་རིལ་བུ་བརྒྱ་རྩ་བརྒྱད་བསྔོས་ཤིང་འོ་ཆབ་སྦྲེང༌།

ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ༀ་སམྦྷ་ར་སམྦྷ་ར་ཧཱུྂ།

ཧཱུྃ༔ སེར་སྣ་རང་རྒྱུད་འཛིན་པའི་གཟུགས༔

དབུལ་སྲི་བསེ་རག་ལྟོག་འགོང་ནི༔

མི་རྒན་ཉམ་ཐག་སྣོད་སྟོང་ཁུར༔

བསེ་རག་འབུམ་གྱི་འཁོར་གྱིས་བསྐོར༔

 

ཡོད་ལ་མི་དགའ་མེད་ལ་དགའ༔

གང་ལ་མི་དགའ་སྟོང་ལ་དགའ༔

ནོར་སྒྲུབ་བྱེད་ལ་སྒབ་འདྲེར་སྡང་༔

སྣོད་བཅུད་མངའ་ཐང་ཉམས་པར་བྱེད༔

 

བློ་ཉེས་ཚོང་ཉེས་མི་ཁ་བཏང་༔

བཟའ་བཏུང་གོས་རྒྱན་སྲིས་ལ་བརྐུ༔

ཁྱད་པར་ལན་ཆགས་རྗེས་སུ་སྙེགས༔

དེ་རིང་རྟེན་དང་གཉིས་མེད་བཀུག༔

 

སྔགས་དང་ཕྱག་རྒྱ་ཏིང་འཛིན་མཐུས༔

ཡིད་དང་མཐུན་པའི་ལོངས་སྤྱོད་རྫས༔

ཟད་མེད་ནམ་མཁའི་མཛོད་དུ་བསྔོས༔

སེར་སྣའི་ལན་ཆགས་ངན་པ་སྦྱངས༔

 

དབུལ་བའི་སྡུག་བསྔལ་ཞི་བར་བྱས༔

ད་ནི་འདུག་པའི་གནས་མེད་ཀྱི༔

ཡས་འདི་ལོངས་ལ་གཞན་དུ་སོང་༔

གླིང་ཆེན་གཞན་གྱི་ཕྱོགས་སུ་སོང་༔

 

གླིང་བར་མུན་པའི་ནང་དུ་སོང་༔

གླིང་མཐའ་རྒྱ་མཚོའི་ངོགས་སུ་སོང་༔

གལ་ཏེ་མི་འགྲོ་འདུག་གྱུར་ན༔

རྩ་གསུམ་ལྷ་ཚོགས་ཐུགས་ཁྲོས་ནས༔

 

རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔

དེ་བས་ད་ལྟ་ཕྱིར་དེངས་ཤིག༔

དྲག་སྔགས་བརྗོད་ཅིང་གནས་ཁང་ཀུན་གྱི་སྒོ་འགག་བསྐོར། གུ་གུལ་དང་རྡོ་ཐུན་གྱིས་དེད། ཁང་མགོ་མི་མཐོང་བའི་སར་ཆུ་བོ་ཆེན་པོ་རང་ཡུལ་དུ་མི་ལྡོག་པའི་གཞུང་དུ་དོར་རོ། །

 

ཧཱུྃ༔ ཆོས་ཉིད་བདེན་པའི་བྱིན་རླབས་དང་༔

ཆོས་ཅན་རྒྱུ་འབྲས་བསླུ་མེད་དང་༔

དཀོན་མཆོག་རྩ་གསུམ་དཀྱིལ་འཁོར་གྱི༔

ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡི༔

 

ནུས་མཐུ་བསམ་གྱིས་མི་ཁྱབ་དང་༔

ཁྱད་པར་བདེ་གཤེགས་ཐམས་ཅད་ཀྱི༔

བྱིན་རླབས་མཐུ་སྟོབས་གཅིག་བསྡུས་པ༔

འཆོལ་བའི་ཁྲོ་རྒྱལ་ཆེན་པོ་ནི༔

 

བཅོམ་ལྡན་སྨེ་བ་བརྩེགས་པ་ཡི༔

བདེན་པའི་བྱིན་རླབས་ནུས་མཐུ་ཡིས༔

ཉམས་གྲིབ་ཟས་གྲིབ་གོས་ཀྱི་གྲིབ༔

གནས་གྲིབ་འགོས་གྲིབ་གདོན་གྱི་གྲིབ༔

 

དམེ་གྲིབ་ཡུག་གྲིབ་ལ་སོགས་པ༔

གྲིབ་དང་མི་གཙང་རྒྱུ་བཅས་ཀུན༔

ཡེ་ཤེས་མེ་ཡིས་གཞོབ་ཏུ་བསྲེག༔

ཆོས་ཉིད་རླུང་གིས་རྗེས་མེད་གཏོར༔

 

བྱང་སེམས་ཆུ་ཡིས་བག་ཆགས་བཀྲུས༔

འབྱུང་བ་ལྔ་ཡི་དབྱིངས་སུ་ཐིམ༔

ལྷག་མ་མེད་པར་དག་གྱུར་ཅིག༔

ཅེས་ལྷ་སྔགས་ཁྲུས་སྔགས་སོགས་བཟླས་ལ། ཡུངས་ཐུན་རྡོ་ཐུན་གཏོར་ཁྲུས་ཆུ་འཐོར་ཞིང་གུ་གུལ་དུད་པས་བདུག་གོ །

གཡང་སྐྱབས་ཉིན་གྲངས་བྱེད་ན་ཉིན་ཕྱི་མ་རྣམས་སུའང་བསེ་རག་བསྐྲད་པ་ཚར་རེ་བགྱིད་གྲུབ་ན་ལེགས་ཤིང༌། མི་ལྕོགས་ན་གོང་གི་ཚོགས་བསགས་འཕྲོས་སུ་ཕྲིན་ལས་འབྲིང་པོ་ལྟར་བགེགས་གཏོར་བསྔོས་ལ་འདིར་འཇུག་དགོས་སོ། །

 

གཉིས་པ་མཚམས་བཅད་ནི།

ཧཱུྃ་ཧྲཱིཿ གཉིས་མེད་ཡེ་ཤེས་ལྷ་སྔགས་ཆོས་སྐུའི་ངང་༔

མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔

ཧཱུྃ་ཧཱུྃ་ཧཱུྃ༔ བཛྲ་རཀྵ་རཀྵ་བྷྲཱུྃ༔

 

ཨོཾ་ཨཱཿཧཱུྃ༔ སྐུ་གསུམ་བླ་མའི་ལྷ་ཚོགས་དབྱིངས་ནས་བཞེངས༔

གནས་འདིར་བྱིན་ཕོབ་དབང་དང་དངོས་གྲུབ་སྩོལ༔

སྣང་སྲིད་གཞིར་བཞེངས་མཆོད་པའི་ཕྱག་རྒྱ་ཆེ༔

ཀུན་བཟང་རྣམ་འཕྲུལ་རྒྱ་མཚོར་བྱིན་གྱིས་རློབས༔

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ

ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔

ས་མ་ཡ༔

 

ཕྱག་རྒྱ་བསྐྱེད་ཅིང་གསལ་བ་ནི།

ཨཱཿ ཆོས་སྐུ་དེ་བཞིན་ཉིད་དབྱིངས་འོད་གསལ་ངང་༔

ལོངས་སྐུ་འགག་མེད་ཀུན་སྣང་སྙིང་རྗེའི་རྩལ༔

སྤྲུལ་སྐུ་རྒྱུ་ཡི་ཏིང་འཛིན་ཧྲཱིཿསེར་པོ༔

དེ་ལས་འོད་འཕྲོས་སྣོད་བཅུད་དངོས་འཛིན་སྦྱངས༔

 

འབྱུང་བ་རིམ་བརྩེགས་རྡོ་རྗེའི་སྲུང་འཁོར་དབུས༔

བྷྲཱུྃ་ལས་ནོར་བུ་སྣ་ཚོགས་གཞལ་མེད་ཁང་༔

ཡངས་ཤིང་རྒྱ་ཆེ་ངོ་མཚར་བཀོད་པས་མཛེས༔

ལྟ་ན་ལྷུན་སྡུག་བཀྲ་ཤིས་ཕོ་བྲང་ཆེར༔

 

དབུས་ཉིད་དྭངས་མ་འོད་ལྔ་འཁྲུགས་པའི་ཀློང་༔

སྣ་ཚོགས་པདྨ་འདབ་བརྒྱད་ལྟེ་བ་རུ༔

ཐབས་ཤེས་ཟུང་འཇུག་ཉི་ཟླའི་གདན་གྱི་སྟེང་༔

ཧྲཱིཿལས་འོད་ཟེར་སྤྲོ་བསྡུའི་ཆོ་འཕྲུལ་གྱིས༔

 

འཁོར་འདས་དྭངས་མའི་བཅུད་ཀུན་གཅིག་ཏུ་འདུས༔

དེ་ཉིད་ཡོངས་གྱུར་སྐད་ཅིག་དྲན་རྫོགས་སུ༔

མ་ཧཱ་གུ་རུ་པདྨ་སཾ་བྷ་བ༔

འདོད་དགུའི་མཆོག་སྩོལ་སྐྱེས་མཆོག་ཚུལ་བཟང་རྩལ༔

 

ནོར་ལྷ་བྱེ་བའི་དབང་ཕྱུག་ཆེན་པོར་བཞེངས༔

གསེར་མདོག་བརྗིད་ཆགས་མཚན་དཔེའི་གཟི་བྱིན་འབར༔

ཕྱག་གཡས་རྡོ་རྗེ་རྩེ་ལྔ་དང་བཅས་པས༔

ཁམས་གསུམ་དབང་སྡུད་རིན་ཆེན་རྒྱལ་མཚན་བསྣམས༔

 

གཡོན་པས་མཉམ་བཞག་རིན་ཆེན་ཟ་མ་ཏོག༔

འདོད་རྒུའི་དངོས་གྲུབ་མ་ལུས་ཆར་དུ་འབེབས༔

དབུ་ལ་རབ་མཛེས་པཎ་ཞུ་དམར་པོ་དང་༔

སྐུ་ལ་གསང་བའི་ན་བཟའ་མཐིང་གའི་སྟེང་༔

 

ཆོས་གོས་གསུམ་གསོལ་བེར་ཆེན་སྨུག་པོས་བཀླུབས༔

ཞབས་ཟུང་མི་འགྱུར་རྡོ་རྗེའི་སྐྱིལ་ཀྲུང་བཅིངས༔

དེ་ཡི་ཕྱི་རོལ་པདྨའི་འདབ་མ་ལ༔

ཤར་དུ་རྡོ་རྗེའི་ནོར་བདག་ཛཾ་བྷ་ལ༔

 

དཀར་གསལ་རྡོ་རྗེའི་བེ་ཅོན་ནེའུ་ལེ་འཛིན༔

ལྷོ་རུ་རིན་ཆེན་ནོར་བདག་ཛཾ་བྷ་ལ༔

གསེར་མདོག་དབང་གི་རྒྱལ་པོ་ནེའུ་ལེ་འཛིན༔

ནུབ་ཏུ་པདྨའི་ནོར་བདག་ཛཾ་བྷ་ལ༔

 

དམར་གསལ་པདྨའི་ལྕགས་ཀྱུ་ནེའུ་ལེ་འཛིན༔

བྱང་དུ་ལས་ཀྱི་ནོར་བདག་ཛཾ་བྷ་ལ༔

ལྗང་ནག་ཐོད་ཁྲག་དང་ནི་ནེའུ་ལེ་འཛིན༔

ཀུན་ཀྱང་ཤ་རྒྱས་གསུས་ཁྱིམ་མཆོག་ཏུ་ཆེ༔

 

འཛུམ་ཞིང་ཁྲོ་ལ་སྒེག་པའི་ཉམས་འགྱུར་ཅན༔

དར་དང་རིན་ཆེན་པདྨའི་ཕྲེང་བས་བརྒྱན༔

ཞབས་གཉིས་བཞེངས་སྟབས་ནོར་སྐྱུག་ཕོ་མོ་བརྫིས༔

སྐུ་ལས་སྐྱེས་པའི་འོད་ཀྱི་ཀློང་ན་བཞུགས༔

 

ཤར་ལྷོར་ལྷ་ཡི་ནོར་བདག་ཚོགས་ཀྱི་དབང་༔

དཀར་གསལ་གླང་གདོང་ལ་ཕུག་ནོར་བུ་བསྣམས༔

ལྷོ་ནུབ་མི་ཡི་ནོར་བདག་ནོར་གྱི་རྒྱུན༔

གསེར་མདོག་མཆོག་སྦྱིན་འབྲས་ཀྱི་སྙེ་མ་བསྣམས༔

 

ནུབ་བྱང་ཀླུ་ཡི་ནོར་བདག་རིག་བྱེད་མ༔

དམར་གསལ་པདྨའི་ལྕགས་ཀྱུ་ཞགས་པ་བསྣམས༔

བྱང་ཤར་གནོད་སྦྱིན་ནོར་བདག་རྣམ་ཐོས་སྲས༔

ལྗང་སེར་རིན་ཆེན་རྒྱལ་མཚན་ནེའུ་ལེ་བསྣམས༔

 

ཀུན་ཀྱང་རང་རང་རྒྱན་རྫོགས་ཕྱེད་སྐྱིལ་བཞུགས༔

ཞི་རྒྱས་དབང་དྲག་འབར་བའི་ཉམས་དང་ལྡན༔

དེ་ཡི་ཕྱི་རོལ་མཚམས་ཀྱི་གྲྭ་བཞི་རུ༔

ཤར་ལྷོར་དབྱིག་གི་ནོར་བདག་ནོར་བུ་བཟང་༔

 

དཀར་སེར་ཡིད་བཞིན་རིན་ཆེན་ནེའུ་ལེ་བསྣམས༔

ལྷོ་ནུབ་ཅང་ཤེས་ནོར་བདག་རེ་མནྟ༔

གསེར་འོད་ཤེལ་གྱི་རལ་གྲི་ནེའུ་ལེ་འཛིན༔

ནུབ་བྱང་ཟས་གོས་ནོར་བདག་གནོད་སྦྱིན་དམར༔

 

དབང་མདོག་མདུང་དར་རིན་ཆེན་ནེའུ་ལེ་བསྣམས༔

བྱང་ཤར་རྐང་བཞིའི་ནོར་བདག་ཀུ་བེ་ར༔

མཐིང་ནག་རལ་གྲི་དང་ནི་ནེའུ་ལེ་བསྣམས༔

ཀུན་ཀྱང་ནོར་བུའི་གོ་ཁྲབ་བརྗིད་པར་བགོས༔

 

རིན་ཆེན་རྒྱན་ཕྲེང་དར་གྱི་ན་བཟའ་བཀླུབས༔

རང་རང་མདོག་མཚུངས་རྟ་མཆོག་རྒྱན་ལྡན་ཆིབས༔

དཀྱིལ་འཁོར་ཆེན་པོའི་ཕྱོགས་ཀྱི་སྒོ་བཞི་རུ༔

ཤར་ཕྱོགས་འཇིག་རྟེན་ནོར་བདག་ཡུལ་འཁོར་སྲུང་༔

 

དཀར་གསལ་ཞི་བའི་ལས་མཛད་པི་ཝཾ་སྒྲེང་༔

ལྷོ་ཕྱོགས་འཇིག་རྟེན་ནོར་བདག་འཕགས་སྐྱེས་པོ༔

མཐིང་ནག་དྲག་པོའི་ལས་མཛད་རལ་གྲི་ཕྱར༔

ནུབ་ཕྱོགས་འཇིག་རྟེན་ནོར་བདག་སྤྱན་མི་བཟང་༔

 

དམར་གསལ་ཁམས་གསུམ་དབང་སྡུད་སྦྲུལ་ཞགས་འཆིང་༔

བྱང་ཕྱོགས་འཇིག་རྟེན་ནོར་བདག་ངལ་བསོས་པོ༔

གསེར་མདོག་རྒྱས་པའི་ལས་གྲུབ་བེ་ཅོན་གདེངས༔

ཀུན་ཀྱང་མཛེས་ཤིང་བརྗིད་ཆགས་རྒྱན་གྱིས་སྤྲས༔

 

གཞན་ཡང་གཞལ་ཡས་བར་མཚམས་ཐམས་ཅད་དུ༔

རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་དང་༔

ལྷ་ཀླུ་གནོད་སྦྱིན་ནོར་བདག་བྱེ་བས་བསྐོར༔

འདོད་རྒུའི་ཆར་འབེབས་དབུལ་བའི་གདུང་བ་སེལ༔

 

ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔

དྲག་ཤུལ་ཐབས་ཀྱིས་གདོན་བགེགས་ཚར་གཅོད་པའི༔

ཕྲིན་ལས་ལྷུན་གྱིས་གྲུབ་པའི་ཕྱག་རྒྱར་བཞེངས༔

སྣང་སྟོང་ཟུང་འཇུག་ཡེ་ཤེས་སྒྱུ་མའི་སྐུ༔

 

རྡོ་རྗེ་གསུམ་གྱི་ངོ་བོར་ལྷུན་གྲུབ་ཅིང་༔

ཡེ་ཤེས་རིགས་ལྔའི་དབང་མཆོག་རྫོགས་པར་གྱུར༔

ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཨ་བྷི་ཥིཉྩ་ཧཱུྃ༔

 

གཉིས་པ་ཡེ་ཤེས་པ་འགུགས་བསྟིམ་ནི།

རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བླ་མ་ནོར་ལྷ་རྩ་གསུམ་རྒྱ་མཚོ་བཛྲ་ས་མཱ་ཛཿ

སྤོས་རོལ་གཡབ་དར་སྣ་ཚོགས་བཅས་པས།

ཧཱུྃ་ཧྲཱིཿ ཡུལ་གྱི་མིང་ནི་ལྷོ་ནུབ་རྔ་ཡབ་གླིང་༔

སྤྲུལ་པའི་ཞིང་མཆོག་པདྨ་དྲྭ་བ་ནས༔

སྐུ་གསུམ་དབྱེར་མེད་པདྨ་སཾ་བྷ་ཝ༔

རབ་འབྱམས་རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔

 

མོས་པའི་གནས་འདིར་གདུང་བས་སྤྱན་འདྲེན་ན༔

ཐུགས་རྗེ་ཐུགས་དམ་དབང་གིས་གཤེགས་ནས་ཀྱང་༔

བར་ཆད་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ༔

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔

ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཏིཥྛ་ལྷན༔

 

ཕྱག་བྱ་བ་ནི།

ཧཱུྃ་ཧྲཱིཿ སྐྱེ་འགག་འགྱུར་མེད་ཕྲིན་ལས་ཐམས་ཅད་རྫོགས༔

རང་བྱུང་ཐུགས་རྗེས་འགྲོ་བ་མ་ལུས་སྒྲོལ༔

ཡིད་བཞིན་ནོར་ལྟར་དངོས་གྲུབ་ཆར་འབེབས་པའི༔

རིག་འཛིན་ནོར་ལྷའི་ཚོགས་ལ་ཕྱག་འཚལ་ལོ༔

ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ

 

ཨོཾ་ཨཱཿཧཱུྃ༔ ཕྱི་མཆོད་འདོད་ཡོན་རྒྱ་མཚོ་སྤྲིན་ལྟར་གཏིབས༔

ནང་མཆོད་སྨན་རཀ་གཏོར་ཚོགས་བསམ་མི་ཁྱབ༔

གསང་མཆོད་བདེ་སྟོང་ཟུང་འཇུག་ཡེ་ཤེས་དབྱིངས༔

འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔

ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་སརྦ་པཉྩ་རཀྟ་བ་ལིཾ་ཏ་མ་ཧཱ་པཱུ་ཛ་ཨཱཿཧཱུྃ༔

 

ཧཱུྃ་ཧྲཱིཿ བསོད་ནམས་ཡོངས་རྫོགས་སྦྱིན་པའི་ཕ་རོལ་ཕྱིན༔

འདོད་རྒུའི་མཆོག་སྩོལ་དངོས་གྲུབ་ཆར་བཞིན་འབེབས༔

རྩ་གསུམ་ཀུན་འདུས་པདྨ་སཾ་བྷ་ཝ༔

ཡིད་བཞིན་རེ་སྐོང་ཁྱོད་ལ་ཕྱག་འཚལ་བསྟོད༔

 

རིགས་བཞིའི་ནོར་བདག་ཨཱརྻ་ཛཾ་བྷ་ལ༔

ལྷ་མི་ཀླུ་དང་གནོད་སྦྱིན་དབང་སྡུད་པའི༔

ནོར་བདག་ནོར་སྦྱིན་ཀུ་རུ་ཀུལླེ་དང་༔

རྒྱལ་ཆེན་རྣམ་ཐོས་སྲས་ལ་ཕྱག་འཚལ་བསྟོད༔

 

རིན་ཆེན་ཅང་ཤེས་ཟས་གོས་ཕྱུགས་ཀྱི་བདག༔

གནོད་སྦྱིན་སྡེ་དཔོན་ཆེན་པོའི་ཚོགས་རྣམས་དང་༔

འཇིག་རྟེན་ཀུན་ལ་དབང་བསྒྱུར་རྒྱལ་ཆེན་བཞི༔

རབ་འབྱམས་ནོར་ལྷའི་དཀྱིལ་འཁོར་ལྷ་ལ་བསྟོད༔

 

དེ་ལྟར་མཆོད་ཅིང་གསོལ་བ་བཏབ་པའི་མཐུས༔

བདག་སོགས་འགྲོ་ཀུན་སེར་སྣའི་སྒྲིབ་པ་ཞི༔

ལོངས་སྤྱོད་རྒྱས་ཤིང་ཁམས་གསུམ་དབང་དུ་སྡུད༔

བར་ཆད་ཀུན་སེལ་མཆོག་ཐུན་དངོས་གྲུབ་སྩོལ༔

 

དེ་ནས་ཛཔ྄་ཁང་དབྱེ་བ་ནི།

བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཧྲཱིཿཕཊ་ཛཿ

བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔

ཡེ་ཤེས་དཀྱིལ་འཁོར་གཉིས་པ་ཕྱེ༔

མདུན་གྱི་ནམ་མཁར་བཞུགས་པར་གྱུར༔

གཉིས་པ་ཛཔ྄་ལ་བསྐུལ་བ་ནི།

ཧཱུྃ་ཧྲཱིཿ རིག་འཛིན་ནོར་ལྷའི་ལྷ་ཚོགས་དབྱིངས་ནས་བཞེངས༔

ཐུགས་དམ་གནད་ནས་བསྐུལ་ལོ་ཛཔ྄་སྒྲ་སྒྲོག༔

སྣང་སྟོང་སྐུ་ཡི་ཕྱག་རྒྱས་སྟོང་གསུམ་གང་༔

གྲགས་སྟོང་གསུང་གི་ཛཔ྄་དབྱངས་འབྲུག་ལྟར་ལྡིར༔

 

རིག་སྟོང་ཐུགས་ཀློང་འོད་གསལ་ངང་དུ་གནས༔

ལྷ་རྣམས་ཐམས་ཅད་བདེ་བའི་གར་གྱིས་རོལ༔

སྔགས་རྣམས་རྩོལ་མེད་རྡོ་རྗེའི་གླུ་ཡིས་བསྐུལ༔

ཐུགས་ནི་སྒྲོལ་མཛད་ཡེ་ཤེས་སྲོག་དང་བཅས༔

 

མ་གསལ་བར་དུ་བསྐྱེད་ཅིང་བཟླས་པར་འབད༔

མ་གྲུབ་བར་དུ་དགོངས་པ་མི་བཏང་གསོལ༔

མ་གཡེལ་ཐུགས་དམ་ཆེན་པོའི་དུས་ལ་བབས༔

བསྙེན་སྒྲུབ་རྣམ་བཞི་སྟན་ཐོག་འདི་ཉིད་དུ༔

མཐར་ཕྱིན་དཀྱིལ་འཁོར་བདག་པོར་གྲུབ་པར་མཛོད༔

 

གསུམ་པ་བཟླས་དམིགས་ནི།

རིག་འཛིན་པདྨ་སཾ་བྷའི་ཐུགས་ཀ་རུ༔

ཟླ་སྟེང་ཧྲཱིཿམཐར་སྔགས་ཀྱི་ཕྲེང་བས་བསྐོར༔

འོད་འཕྲོས་སྣོད་བཅུད་རྒུད་པ་ཐམས་ཅད་བསལ༔

ཡེ་ཤེས་སྤྲིན་ལས་འདོད་རྒུའི་ཆར་ཆེན་འབེབས༔

སྲིད་དང་ཞི་བའི་འབྱོར་བ་རབ་ཏུ་རྒྱས༔

དྭངས་བཅུད་མ་ལུས་བདག་ལ་ཐིམ་པ་ཡིས༔

ནམ་མཁའི་མཛོད་འཆང་དངོས་གྲུབ་ཐོབ་པར་བསམ།

 

བཞི་པ་ཛཔ྄་སྔགས་ནི།

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སཾ་བྷ་ཝ་སརྦ་སིདྡྷི་ཧཱུྃ༔

ཞེས་གཙོ་བོར་བཟླ་ཞིང༌། ཁྱད་པར་གྱི་སྔགས་ཤམ་ནི།

སརྦ་ཨ་ནྲྀ་ཏྲི་པུཎྱེ་དྷ་ནཾ་མེ་དྷི་རཏྣ་བཱ་སུ་སིདྡྷི་སྡུས་སྡུས་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཞེས་དང༌།

གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས་འཁོར་རྣམས་བསྐུལ་ཏེ། དེ་རྣམས་ཀྱི་འོད་ཟེར་ཕོ་ཉའི་ཚོགས་རྣམས་ཀྱིས་འཇིག་རྟེན་ཁམས་ཀྱི་དཔལ་དང་ལོངས་སྤྱོད་ཐམས་ཅད་བསྡུས་ནས་དངོས་གྲུབ་འདོད་རྒུའི་ཆར་བཞིན་འབེབས་པར་གྱུར་པར་བསམ་ལ། 

ནོར་ལྷ་སྤྱི་དྲིལ་གྱི་སྔགས་ནི།

ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ སརྦ་ཡཀྴ་བཱ་སུ་པ་ཏི་ལོ་ཀ་པཱ་ལ་ཙིཏྟ་ཧྲིཾ་ཧྲིཾ་ཛཿ སརྦ་བཱ་སུ་སིདྡྷི་སྡུས་སྡུས་པུཥྚིཾ་ཀུ་རུ་སྭཱ་ཧཱ༔

ཞེས་བཟླ། རྒྱས་པར་སྒོས་སྔགས་བཟླ་བ་ནི།

ཛཾ་དཀར་ནི།

ཨོཾ་བུདྡྷ་ཛམྦྷ་ལ་ཨོཾ་སྭཱ་ཧཱ༔

ཛཾ་སེར་ནི།

ཨོཾ་རཏྣ་ཛམྦྷ་ལ་ཏྲཱྃ་སྭཱ་ཧཱ༔

ཛཾ་དམར་ནི།

ཨོཾ་པདྨ་ཛམྦྷ་ལ་ཧྲཱིཿསྭཱ་ཧཱ༔

ཛཾ་ལྗང་ནི།

ཨོཾ་ཀརྨ་ཛམྦྷ་ལ་ཨཱཿསྭཱ་ཧཱ༔

ཚོགས་བདག་ནི།

ཨོཾ་གྃ་ག་ཎ་པ་ཏི་སྭཱ་ཧཱ༔

ནོར་རྒྱུན་མ་ནི།

ཨོཾ་བཾ་བཱ་སུ་དྷཱ་རི་ཎི་སྭཱ་ཧཱ༔

ཀུ་རུ་ཀུལླེ་ནི།

ཨོཾ་ཧྲཱིཿཀུ་རུ་ཀུལླེ་སྭཱ་ཧཱ༔

རྣམ་ཐོས་སྲས་ནི།

ཨོཾ་བཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔

ནོར་བུ་བཟང་པོ་ནི།

ཨོཾ་མ་ིནི་བྷ་དྲཱ་ཡ་སྭཱ་ཧཱ༔

རེ་མནྟ་ནི།

ཨོཾ་ཨཱརྻ་རེ་མནྟཱ་ཡ་སྭཱ་ཧཱ༔

གནོད་སྦྱིན་དམར་མོ་ནི།

ཨོཾ་མ་ཧཱ་རཱ་ཛ་ཡཀྵ་བཻ་ཧྲཱིཿསྭཱ་ཧཱ༔

ཀུ་བེ་ར་ནི།

ཨོཾ་ཀུ་བེ་རཱ་ཡ་སྭཱ་ཧཱ༔

རྒྱལ་ཆེན་བཞི་ནི།

ཨོཾ་དྷྲྀཥྚ་རཥྚྲ་ཡ་སྭཱ་ཧཱ༔

ཨོཾ་བཻ་རཱུ་དྷ་ཀཱ་ཡ་སྭཱ་ཧཱ༔

ཨོཾ་བི་རུ་པཱཀྵ་ཡ་སྭཱ་ཧཱ༔

ཨོཾ་བཻ་ཤྲ་བ་ན་ཡེ་སྭཱ་ཧཱ༔

ཞེས་པ་རྣམས་སོ་སོར་གང་ནུས་བཟླ། རང་རང་གི་ལས་སྦྱོར་བྱེད་པར་འདོད་ན། དགོས་པའི་ཡོ་བྱད་ཡོད་ན་སོ་སོའི་སྔགས་ཤམ་སྦྱར་བར་བྱའོ། །

 

ལྔ་པ་ཛཔ྄་མཆོད་ནི།

ཨོཾ་ཨཱཿཧཱུྃ༔ ཕྱི་མཆོད་འདོད་ཡོན་རྒྱ་མཚོ་སྤྲིན་ལྟར་གཏིབས༔

ནང་མཆོད་སྨན་རཀ་གཏོར་ཚོགས་བསམ་མི་ཁྱབ༔

གསང་མཆོད་བདེ་སྟོང་ཟུང་འཇུག་ཡེ་ཤེས་དབྱིངས༔

འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔

ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་སརྦ་པཉྩ་རཀྟ་བ་ལིཾ་ཏ་མ་ཧཱ་པཱུ་ཛ་ཨཱཿཧཱུྃ༔

གཏོར་མ་སྨན་རཀ་སྦྲེང་ཞིང་རོལ་མོ་རྒྱ་ཆེར་བྱའོ། །

 

དྲུག་པ་ཛཔ྄་བསྟོད་ནི།

ཧཱུྃ་ཧྲཱིཿ ངོ་བོ་འོད་གསལ་ཆོས་སྐུའི་ངང་ཉིད་ལས༔

རང་བཞིན་བདེ་སྟོང་ལོངས་སྤྱོད་རྫོགས་སྐུར་ཤར༔

ཐུགས་རྗེ་གང་འདུལ་སྤྲུལ་སྐུས་འགྲོ་དོན་མཛད༔

དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད༔

ཅེས་རོལ་མོ་དང་བཅས་པས་བསྟོད་དོ། །

 

དམ་ཅན་དམ་ལ་བཏགས་པའི་ཚེ༔

དྲི་མེད་གནས་མཆོག་ཉམས་རེ་དགའ༔

རྒྱ་གར་བོད་ཡུལ་ས་མཚམས་སུ༔

བྱིན་གྱིས་བརླབས་ནས་བྱོན་པའི་ཚེ༔

 

དྲི་བསུང་སྤོས་ངད་ལྡན་པའི་རི༔

མེ་ཏོག་པདྨ་དགུན་ཡང་སྐྱེ༔

ཆུ་མིག་བྱང་ཆུབ་བདུད་རྩིའི་ཆུ༔

བདེ་ལྡན་དེ་ཡི་གནས་མཆོག་ཏུ༔

 

སྐྱེས་མཆོག་ཚུལ་བཟང་ཆོས་གོས་གསོལ༔

ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམས༔

གཡོན་པས་རིན་ཆེན་ཟ་མ་ཏོག༔

རཀྟ་བདུད་རྩིས་ནང་དུ་གཏམས༔

 

མཁའ་འགྲོ་དམ་ཅན་དམ་ལ་བཏགས༔

ཡི་དམ་ཞལ་གཟིགས་དངོས་གྲུབ་བརྙེས༔

ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔

བརྩེ་བས་བདག་སོགས་ལམ་སྣ་དྲོངས༔

 

དགོངས་པས་བདག་ལ་དངོས་གྲུབ་སྩོལ༔

ནུས་པས་བདག་སོགས་བར་ཆད་སོལ༔

ཕྱི་ཡི་བར་ཆད་ཕྱི་རུ་སོལ༔

ནང་གི་བར་ཆད་ནང་དུ་སོལ༔

 

གསང་བའི་བར་ཆད་དབྱིངས་སུ་སོལ༔

གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སཾ་བྷ་ཝ་སརྦ་སིདྡྷི་ཧཱུྃ༔

 

བདུན་པ་ནོངས་བཤགས་ནི།

ཐལ་མོ་སྦྱར་ཏེ།

ༀ༔ བླ་མ་ནོར་ལྷའི་ལྷ་ཚོགས་རྣམས༔

བདག་ལ་གསན་ཅིང་དགོངས་སུ་གསོལ༔

བདག་ཅག་མ་རིག་འཁྲུལ་པ་ཡིས༔

ཕྱག་རྒྱ་མ་གསལ་ཛཔ྄་བཟླས་གཡེལ༔

 

ཏིང་འཛིན་དགོངས་པའི་རྩལ་མ་རྫོགས༔

བྱིང་རྒོད་འཆལ་བར་གྱུར་པ་སོགས༔

ནོངས་པར་གྱུར་པ་ཅི་མཆིས་པ༔

སྙིང་ནས་འགྱོད་པས་མཐོལ་བཤགས་ན༔

སྒྲིབ་མེད་ཚངས་པའི་དངོས་གྲུབ་སྩོལ༔

ཡི་གེ་བརྒྱ་པ་བཟླས་ཤིང་དགོངས་པ་བསྐྱངས་ལ།

ཨ་ཨ་ཨ༔

 

བརྒྱད་པ་འདོད་པའི་དོན་ལ་གསོལ་བ་འདེབས་པ་ནི།

ༀ༔ འདོད་རྒུའི་མཆོག་སྩོལ་དངོས་གྲུབ་སྟེར༔

རྩ་གསུམ་ཀུན་འདུས་ཡིད་བཞིན་ནོར༔

གུ་རུ་པདྨ་སཾ་བྷ་ཝ༔

རིགས་བཞིའི་མགོན་པོ་ཛམྦྷ་ལ༔

ནོར་བདག་གནོད་སྦྱིན་འཇིག་རྟེན་སྐྱོང་༔

བྱེ་བ་བསམ་གྱིས་མི་ཁྱབ་པའི༔

དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ༔

ཕྱག་འཚལ་མཆོད་བསྟོད་གསོལ་བ་འདེབས༔

 

བྱིན་གྱིས་རློབས་ཤིག་བར་ཆད་སོལ༔

དངོས་གྲུབ་སྩོལ་ཅིག་ལོངས་སྤྱོད་སྤེལ༔

རྟེན་འདིར་བཞུགས་ཤིང་ཕྲིན་ལས་མཛོད༔

འཁོར་འདས་ཀུན་གྱི་ལེགས་ཚོགས་དང་༔

སྣོད་ཀྱི་དགེ་མཚན་བཅུད་ཀྱི་གཡང་༔

ལྷ་མི་ཀླུ་དང་གནོད་སྦྱིན་གྱི༔

ཟས་ནོར་རིན་ཆེན་འབྱོར་པའི་སྤྲིན༔

ཅང་ཤེས་རྟ་དང་རྐང་བཞི་ཕྱུགས༔

ལོ་ཏོག་འབྲུ་དང་རྩི་ཤིང་སྨན༔

ཚེ་རིང་ནད་མེད་བཀྲ་ཤིས་དཔལ༔

ཆོས་དང་རིགས་ཀྱི་བརྒྱུད་འཛིན་སོགས༔

 

མདོར་ན་སྲིད་ཞིའི་ཕུན་ཚོགས་ཀུན༔

འབད་པ་མེད་པར་དབང་དུ་སྡུས༔

ཟད་མེད་ཆུ་བོའི་རྒྱུན་ལྟར་སྤེལ༔

ཅི་བསམ་ཡིད་བཞིན་འགྲུབ་པ་དང་༔

བཀྲ་ཤིས་བདེ་སྐྱིད་ལྡན་པར་མཛོད༔

བསང་གསུང་དགོས་ན་འདིར་སྦྱར།

 

༈ དགུ་པ་གཡང་འགུགས་ནི།

བདག་མདུན་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་དམར་སེར་ཉི་མ་བྱེ་བའི་གཟི་འོད་ལྟ་བུ་འཕྲོས་པས༔ འཁོར་གྱི་ཛམྦྷ་ལ་རིགས་བཞི༔ ནོར་བདག་གནོད་སྦྱིན་འཇིག་རྟེན་སྐྱོང་བ་བསམ་གྱིས་མི་ཁྱབ་པའི་ཐུགས་བརྒྱུད་བསྐུལ་ཞིང་དམ་ཚིག་དྲན་པར་བྱས་པས༔ དེ་རྣམས་ཀྱི་ཐུགས་ཀ་ནས་རང་འདྲ་བའི་སྤྲུལ་པ་དང་ཡང་སྤྲུལ་ཉི་ཟེར་གྱི་རྡུལ་ལྟར་འཚུབས་ཤིང་༔ གློག་ལྟར་འཁྱུགས༔ འོད་དང་འོད་ཟེར་འབར་ཞིང་གཡོ་བས་འཁོར་འདས་སྣང་སྲིད་སྣོད་བཅུད་ཀྱི་ཁམས་ཐམས་ཅད་ལ་ཁྱབ་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕྱྭ་གཡང་ལོང་སྤྱོད་དངོས་གྲུབ་ཐམས་ཅད་བཀྲ་ཤིས་རྫས་རྟགས་འཇའ་འོད་ཐིག་ལེའི་རྣམ་པར་སྤྱན་དྲངས་ཏེ་མདུན་བསྐྱེད་དང་སྒྲུབ་རྫས་དབྱེར་མེད་པ་ལ་ཐིམ་པས་འདོད་རྒུའི་དཔལ་གྱི་འབྱོར་པ་ཆར་བཞིན་དུ་དབབ་པར་བསམ་ལ་མདའ་དར་གཡབ། བདུག་སྤོས་དྲི་ཞིམ་པོ་འཐུལ། དབྱངས་དང་རོལ་མོ་སྙན་པས་འདི་སྐད་ཅེས་བསྐུལ་ལོ། །

ཧཱུྃ་ཧྲཱིཿ འོད་གསལ་སྤྲོས་དང་བྲལ་བའི་ཡེ་ཤེས་ལས༔

སྲིད་དང་ཞི་བའི་ཞིང་ཁམས་ལོངས་སྤྱོད་དང་༔

འདོད་རྒུའི་འབྱོར་པ་དངོས་པོར་སྣང་བ་ཀུན༔

ཐམས་ཅད་ལྷུན་གྱིས་གྲུབ་པའི་ཕོ་བྲང་ཆེར༔

 

ཕྱི་ལྟར་བཀྲ་ཤིས་གཏེར་གྱི་བུམ་བཟང་ལ༔

ནང་ལྟར་ཡེ་ཤེས་རོལ་པའི་གཞལ་མེད་ཁང་༔

གསང་བ་རྩ་གསུམ་ནོར་ལྷའི་དཀྱིལ་འཁོར་དུ༔

དགྱེས་བཞིན་བཞུགས་པའི་ལྷ་ཚོགས་རབ་འབྱམས་ཀུན༔

 

རྣལ་འབྱོར་མོས་པའི་གདུང་བས་གསོལ་འདེབས་ཤིང་༔

སྔོན་གྱི་ཐུགས་དམ་ཞལ་བཞེས་རྒྱུད་བསྐུལ་ན༔

མཁྱེན་བརྩེ་ཡེ་ཤེས་རྒྱས་པའི་ཀློང་ཡངས་ནས༔

འདོད་རྒུའི་དངོས་གྲུབ་ཆར་བཞིན་དབབ་ཏུ་གསོལ༔

 

སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྨད་པོ་ཆེས༔

སྲིད་ཞིའི་དཔལ་གྱི་འབྱོར་པའི་བྱིན་ཆེན་ཕོབ༔

གློག་ལྟར་མྱུར་བའི་ཐུགས་རྗེའི་ནུས་སྟོབས་ཀྱིས༔

འཁོར་འདས་ཀུན་གྱི་ཕྱྭ་གཡང་གནས་འདིར་སྡུས༔

 

ལྷ་དང་སྒྲུབ་རྫས་དབྱེར་མེད་རྟེན་ལ་བསྟིམ༔

བཀྲ་ཤིས་ལོངས་སྤྱོད་རྒྱས་པའི་ཕྲིན་ལས་མཛོད༔

 

ཧཱུྃ་ཧྲཱིཿ དབུས་ཀྱི་ཕྱོགས་ནས་དངོས་གྲུབ་བསྐུལ་བའི་ལྷ༔

རྩ་གསུམ་ཀུན་འདུས་ཨོ་རྒྱན་རིན་པོ་ཆེ༔

ཡིད་བཞིན་ནོར་བུ་པདྨ་སཾ་བྷ་ཝ༔

གསེར་མདོག་བརྗིད་ཆགས་སྣང་སྲིད་ཟིལ་གྱིས་གནོན༔

 

ཕྱག་གཡས་རྡོ་རྗེ་རིན་ཆེན་རྒྱལ་མཚན་འཕྱར༔

གཡོན་པས་དགོས་འབྱུང་རིན་ཆེན་སྣོད་མཆོག་བསྣམས༔

རིག་འཛིན་དཔའ་བོ་མཁའ་འགྲོའི་འཁོར་བཅས་ལ༔

ཕྱག་འཚལ་མཆོད་པ་འབུལ་ལོ་དངོས་གྲུབ་སྩོལ༔

 

སྟེང་འོག་བར་གསུམ་འཁོར་འདས་སྣོད་བཅུད་ཀྱི༔

ལེགས་པའི་དཔལ་དང་ཕྱྭ་གཡང་ལོངས་སྤྱོད་ཀུན༔

དར་དཀར་གཡབ་ཅིང་ཀླད་ནས་སྤྱན་འདྲེན་ན༔

ཐོགས་པ་མེད་པར་བཀྲ་ཤིས་གནས་འདིར་སྡུས༔

མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔

 

ཧཱུྃ་ཧྲཱིཿ དཀྱིལ་འཁོར་ལྷ་ཚོགས་རབ་འབྱམས་ཐམས་ཅད་ཀྱི༔

ཡེ་ཤེས་གཟི་བྱིན་ཐུགས་རྗེའི་ནུས་སྟོབས་སྐྱེད༔

གནོད་སྦྱིན་ནོར་ལྷ་གཏེར་བདག་བྱེ་བའི་ཚོགས༔

ཞལ་བཞེས་དམ་ཚིག་གཉན་པོ་རྗེས་སུ་དགོངས༔

 

ལྷ་ཀླུ་གཟའ་སྐར་ས་བདག་བརྟན་མའི་ཚོགས༔

ལས་ཀྱི་རྫུ་འཕྲུལ་མྱུར་མགྱོགས་གློག་ལྟར་འཁྱུག༔

བོད་སྐྱོང་གཞི་བདག་དཀར་ཕྱོགས་དགའ་བའི་ཚོགས༔

རྡོ་རྗེའི་ཐ་ཚིག་མ་གཡེལ་ཕྲིན་ལས་མཛོད༔

 

དེ་རིང་བཀྲ་ཤིས་དགེ་བའི་གནས་འདི་རུ༔

ཕྱྭ་གཡང་འདོད་རྒུའི་དངོས་གྲུབ་ཆར་ལྟར་ཕོབ༔

རབ་འབྱམས་རིགས་ལྔ་སྒྱུ་འཕྲལ་དྲྭ་བའི་ཞིང་༔

མི་ཟད་ལོངས་སྤྱོད་རྒྱན་གྱི་ཕྱྭ་གཡང་ཁུག༔

 

སྟོང་གསུམ་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ཀྱི༔

སྣོད་བཅུད་དཔལ་གྱི་འབྱོར་པའི་ཕྱྭ་གཡང་ཁུག༔

ས་ཆུ་མེ་རླུང་འབྱུང་བ་ཆེན་པོ་བཞི༔

དྭངས་མ་གཟི་བརྗིད་ནུས་པའི་ཕྱྭ་གཡང་ཁུག༔

 

འཇིག་རྟེན་མངོན་པར་མཐོ་བའི་དཔུང་རྣམས་ཀྱི༔

ཚེ་དང་བློ་གྲོས་སྟོབས་རྩལ་ཕྱྭ་གཡང་ཁུག༔

ཉན་རང་འཕགས་དང་སོ་སྐྱེའི་ཚོགས་རྣམས་ཀྱི༔

མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཕྱྭ་གཡང་ཁུག༔

 

ཤར་ཕྱོགས་དྲི་ཟའི་ཡུལ་གྱི་ལང་ཚོ་དང༔

རྒྱ་ནག་བཙན་བརྗིད་ཁྲིམས་ཀྱི་ཕྱྭ་གཡང་ཁུག༔

ལྷོ་ཕྱོགས་གྲུལ་བུམ་དབྱངས་ཀྱི་སྙན་འགྱུར་དང་༔

རྒྱ་གར་དམ་པའི་ཆོས་ཀྱི་ཕྱྭ་གཡང་ཁུག༔

 

ནུབ་ཕྱོགས་ཀླུ་དབང་ནོར་བུའི་བང་མཛོད་དང་༔

སྟག་གཟིག་ནོར་གྱི་འབྱོར་པའི་ཕྱྭ་གཡང་ཁུག༔

བྱང་ཕྱོགས་གནོད་སྦྱིན་གཏེར་གྱི་བུམ་བཟང་དང་༔

གེ་སར་དཔའ་རྩལ་ལྡན་པའི་ཕྱྭ་གཡང་ཁུག༔

 

ཚེ་རིང་ནད་མེད་དགེ་བའི་ཕྱྭ་གཡང་ཁུག༔

དབུལ་ཕོངས་སྡུག་བསྔལ་ཞི་བའི་ཕྱྭ་གཡང་ཁུག༔

འབྲུ་ནོར་ལོངས་སྤྱོད་རྒྱས་པའི་ཕྱྭ་གཡང་ཁུག༔

རྟ་ཕྱུགས་རྐང་འགྲོས་འཕེལ་བའི་ཕྱྭ་གཡང་ཁུག༔

 

བཟའ་བཏུང་གོས་རྒྱན་འབྱོར་བའི་ཕྱྭ་གཡང་ཁུག༔

ཁམས་གསུམ་དབང་དུ་འདུ་བའི་ཕྱྭ་གཡང་ཁུག༔

སྲིད་གསུམ་ཟིལ་གྱིས་གནོན་པའི་ཕྱྭ་གཡང་ཁུག༔

སྙན་གྲགས་སྟོང་གསུམ་ཁྱབ་པའི་ཕྱྭ་གཡང་ཁུག༔

 

ཆོས་རྒྱུད་ཆུ་ལྟར་རིང་བའི་ཕྱྭ་གཡང་ཁུག༔

མི་རྒྱུད་ཆད་པ་མེད་པའི་ཕྱྭ་གཡང་ཁུག༔

ལོག་འདྲེན་དགྲ་བགེགས་འདུལ་བའི་ཕྱྭ་གཡང་ཁུག༔

ཉིན་མཚན་བཀྲ་ཤིས་བདེ་ལེགས་ཕྱྭ་གཡང་ཁུག༔

ཕྱྭ་ཁུག་གཡང་སྐྱོབས་དངོས་གྲུབ་གནས་འདིར་སྩོལ༔

ཞེས་གསོལ་ཞིང་རྩ་སྔགས་ཤམ་ཅན་དང༌། ནོར་ལྷ་སྤྱིའི་སྔགས་ཀྱི་མཐར།

ཁུ་ཡེ་པུཥྚིཾ་ཀུ་རུ་ཡེ་སརྦ་སིདྡྷི་ཕ་ལ་བྷྲཱུྃ༔

ཞེས་བརྗོད་ཅིང་བརྟན་པར་བྱའོ། །

 

བདུན་པ་དབང་དང་དངོས་གྲུབ་བླང་བ་ལ་གཉིས།

བསྡུས་པ་དང་རྒྱས་པའོ། །

དང་པོ་ནི།

ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་བཛྲ་ས་མ་ཡ་ཀཱ་ཡ་ཝཱ་ཀ྄་ཙིཏྟ་གུ་ན་ཀརྨ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔

ཨོཾ༔ ཤིན་ཏུ་རྣམ་པར་དག་པ་ཡི༔

ཡེ་ཤེས་རིག་རྩལ་འཆང་བའི་ལྷ༔

གདོད་ནས་རང་དང་ལྷན་ཅིག་སྐྱེས༔

རྡོ་རྗེ་བཞི་ཡི་དབྱིངས་སུ་རྫོགས༔

 

དམ་ཚིག་ཡེ་ཤེས་དབྱེར་མེད་པར༔

བྱང་ཆུབ་སེམས་སུ་རོ་གཅིག་པའི༔

དབང་བསྐུར་བྱིན་རླབས་རྨད་པོ་ཆེ༔

སྐུ་བཞིའི་ངོ་བོར་ལྷུན་གྱིས་གྲུབ༔

ཨོཾ་བཛྲ་ས་མ་ཡ་ཧཱུྃ་སྟྭཾ་ཧོཿ ཀཱ་ཡ་ཝཱ་ཀ྄་ཙིཏྟ་ཛྙཱ་ན་བཛྲ་ཛཿཧཱུྃ་བྃ་ཧོཿ

མདུན་དུ་བཞུགས་པའི་ཡེ་ཤེས་པ༔

རང་དང་དབྱེར་མེད་བརྟན་ཅིང་མཉེས༔

གསལ་སྣང་རྫོགས་པའི་ཏིང་འཛིན་ལ༔

མཉམ་པར་གཞག་པས་ལམ་དུ་ཁྱེར༔

གསོལ་ཁ་རྒྱས་བསྡུས་གང་རུང་འདིར་བྱ་གསུངས། ཡེ་ཤེས་དཀོན་མཆོག་འམ་ཡིག་བརྒྱ་གསུངས།

 

དང་པོ་ནི།

ཚོགས་ཀྱི་ཡོ་བྱད་ལ་བསང་ཆུ་འཐོར་ཞིང༌།

རྃ་ཡྃ་ཁྃ༔ བདག་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས༔

རྃ་ཡྃ་ཁྃ་འཕྲོས་ཚོགས་རྫས་དངོས་འཛིན་སྦྱངས༔

འབྲུ་གསུམ་འོད་ཀྱིས་ཡེ་ཤེས་བདུད་རྩིར་བསྒྱུར༔

འདོད་ཡོན་མཆོད་སྤྲིན་ནམ་མཁའ་གང་བར་གྱུར༔

ཨོཾ་ཨཱཿཧཱུྃ༔

 

གཉིས་པ་སྤྱན་འདྲེན་ནི།

ཧཱུྃ་ཧཱུྃ་ཧཱུྃ༔ བཞེངས་ཤིག་སྐུ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས༔

འོད་གསལ་སྤྲོས་དང་བྲལ་བའི་ངང་ཉིད་ལས༔

བདག་ཅག་ཚོགས་བསགས་སྒྲིབ་པ་སྦྱངས་སླད་དུ༔

ཡེ་ཤེས་སྒྱུ་མར་རོལ་བཞིན་གཤེགས་སུ་གསོལ༔

བཛྲ་ས་མ་ཡ་ཛཿཛཿ

 

གསུམ་པ་མཆོད་པ་ལ་གསུམ་གྱི།

ཚོགས་ཕུད་དང་པོ་འབུལ་བ་ནི།

ཨོཾ་ཨཱཿཧཱུྃ༔  ཚོགས་ཀྱི་ངོ་བོ་ཡེ་ཤེས་བདུད་རྩིའི་སྤྲིན༔

རྣམ་པ་འདོད་ཡོན་ལྷ་མོས་ནམ་མཁའ་གང་༔

ཟག་མེད་བདེ་བ་ཆེན་པོའི་ལོངས་སྤྱོད་འདིས༔

རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔

སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོཿ

 

བར་པ་སྐོང་བཤགས་ནི།

བླ་མ་ནོར་ལྷའི་སྐོང་བ་ཕྱྭ་གཡང་དངོས་གྲུབ་འཁྱིལ་བ་བཞུགས་སོ། །

ཧཱུྃ་ཧྲཱིཿ བསོད་ནམས་ཡོངས་རྫོགས་སྦྱིན་པའི་ཕར་ཕྱིན་ལས། །

བསོད་ནམས་འདོད་རྒུའི་དངོས་གྲུབ་ཆར་འབེབས་པའི། །

བསོད་ནམས་སྟོབས་ཀྱི་འདོད་འཇོའི་བུམ་པ་བཟང༌། །

མི་ཟད་འདོད་པར་འཇོ་བའི་དགའ་སྟོན་གྱིས། །

 

རྩ་གསུམ་ནོར་ལྷ་རབ་འབྱམས་ཐུགས་དམ་བསྐང༌། །

རིགས་འདུས་པདྨ་སམྦྷའི་ཐུགས་དམ་བསྐང༌། །

གུ་རུ་སྐྱེས་མཆོག་ཚུལ་བཟང་ཐུགས་དམ་བསྐང༌། །

འགྱུར་མེད་སྐུ་ཡི་ནོར་བདག་ཐུགས་དམ་བསྐང༌། །

 

རེ་སྐོང་ཡོན་ཏན་ནོར་བདག་ཐུགས་དམ་བསྐང༌། །

འགགས་མེད་གསུང་གི་ནོར་བདག་ཐུགས་དམ་བསྐང༌། །

ལྷུན་གྲུབ་ཕྲིན་ལས་ནོར་བདག་ཐུགས་དམ་བསྐང༌། །

སྟེང་ཕྱོགས་ལྷ་ཡི་ནོར་བདག་ཐུགས་དམ་བསྐང༌། །

 

བར་ཕྱོགས་མི་ཡི་ནོར་བདག་ཐུགས་དམ་བསྐང༌། །

འོག་ཕྱོགས་ཀླུ་ཡི་ནོར་བདག་ཐུགས་དམ་བསྐང༌། །

བྱང་ཕྱོགས་གནོད་སྦྱིན་ནོར་བདག་ཐུགས་དམ་བསྐང༌། །

གསེར་དངུལ་ནོར་དབྱིག་ནོར་བདག་ཐུགས་དམ་བསྐང༌། །

 

ཅང་ཤེས་རྟ་ཡི་ནོར་བདག་ཐུགས་དམ་བསྐང༌། །

ཟས་གོས་བཅུད་ཀྱི་ནོར་བདག་ཐུགས་དམ་བསྐང༌། །

རྐང་བཞི་ཕྱུགས་ཀྱི་ནོར་བདག་ཐུགས་དམ་བསྐང༌། །

སྒོ་སྲུང་རྒྱལ་ཆེན་སྡེ་བཞིའི་ཐུགས་དམ་བསྐང༌། །

 

ཀུན་འཁྱིལ་ལྷ་མོ་མཆེད་གསུམ་ཐུགས་དམ་བསྐང༌། །

ཞིང་སྐྱོང་སྨན་བཙུན་ལྷ་ལྔའི་ཐུགས་དམ་བསྐང༌། །

གཏེར་སྲུང་ཁ་རག་ཁྱུང་བཙུན་ཐུགས་དམ་བསྐང༌། །

བཀའ་སྡོད་དྲེགས་པ་སྡེ་ལྔའི་ཐུགས་དམ་བསྐང༌། །

 

མྱུར་མགྱོགས་སྤུ་གྲི་གིང་ལྔའི་ཐུགས་དམ་བསྐང༌།

ཐུགས་དམ་དབྱིངས་སུ་བསྐང་ངོ་བྱིན་གྱིས་རློབས། །

ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི། །

བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །

 

རྩ་བརྒྱད་སྟོང་སྦྱར་ཆགས་མེད་རཀྟའི་མཚོ། །

སྣང་སྲིད་སྣོད་བཅུད་རྣམ་དག་བ་ལིཾ་ཏ། །

ཐབས་དང་ཤེས་རབ་དབྱེར་མེད་བྱང་ཆུབ་སེམས། །

རང་བྱུང་ལྷུན་གྲུབ་མཆོད་པས་ཐུགས་དམ་བསྐང༌། །

 

རང་རྒྱུད་དངོས་པོར་བཟུང་བ་མཐོལ་ལོ་བཤགས། །

གཟི་བརྗིད་སྐུ་ཡི་དངོས་གྲུབ་ལུས་ལ་སྩོལ། །

ཚངས་དབྱངས་གསུང་གི་དངོས་གྲུབ་ངག་ལ་སྩོལ། །

བདེ་སྟོང་ཐུགས་ཀྱི་དངོས་གྲུབ་སེམས་ལ་སྩོལ། །

 

རིག་རྩལ་ཡོན་ཏན་རྒྱས་པའི་དངོས་གྲུབ་སྩོལ། །

ཕྲིན་ལས་དངོས་གྲུབ་བཀྲ་ཤིས་དཔལ་འབར་ཤོག །

ཅེས་ལྷོ་བྲང་རི་ཕུག་གི་གནས་འཛིན་རྣམ་རྒྱལ་གྱིས་བསྐུལ་ངོར། ཞྭ་དམར་གྱི་ཆོས་སྒར་དུ་འདུལ་འཛིན་པ་རཏྣས་སྤེལ་བ་བཀྲ་ཤིས་པར་གྱུར་ཅིག །སརྦ་སིདྡྷི་པུཥྚི་ཀུ་རུ་ཨོཾ། །མངྒ་ལཾ།། །།

 

ཧོཿ ཐོག་མེད་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དང་༔

ཁྱད་པར་རྩ་བ་ཡན་ལག་དམ་ཚིག་ལས༔

འགལ་ཞིང་ཉམས་པར་གྱུར་པ་ཐམས་ཅད་ཀུན༔

འདོད་ཡོན་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔

ས་མ་ཡ་ཤུདྡྷེ་ཨ༔

 

ཐ་མ་བསྒྲལ་མཆོད་ནི།

ཧཱུྃ༔ དཔལ་ཆེན་ཐུགས་སྤྲུལ་རྡོ་རྗེའི་གིང་ཀ་རས༔

གཟུང་འཛིན་བདུད་བགེགས་ཚོགས་རྣམས་བཀུག་ཅིང་བསྟིམས༔

འོད་གསལ་དབྱིངས་སུ་བསྒྲལ་བའི་ཤ་ཁྲག་རུས༔

རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབས༔

སརྦ་བིགྷྣཱན་ཤ་ཏྲཱུན་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ ཧ་ཧ་ཧི་ཧི་ཧཱུྃ་ཧཱུྃ་ཕཊ྄༔

 

བཞི་པ་ལོངས་སྤྱད་པ་ནི།

ལས་རྡོར་གྱིས་བཟའ་བ་གཡས་དང་བཏུང་བ་གཡོན་དུ་ཐོགས་ནས།

ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ༔

པདྨའི་ཕྱག་རྒྱས་བླངས་ལ། ཨ་ལ་ལ་ཧོཿ ཞེས་ལུས་དཀྱིལ་གྱི་ལྷ་ཚོགས་མཆོད་ལ་བདེ་བའི་ཉམས་བསྐྱང་ངོ་༔

 

ལྔ་པ་ལྷག་མ་བཏང་བ་ནི།

གསོག་འཇོག་མེད་པར་ལྷག་མ་རྣམས་བསྡུས་གཙང་སྨེ་བསྲེ།

རིག་འཛིན་བླ་མའི་དཀྱིལ་འཁོར་དུ། །

ཚོགས་ཀྱི་མཆོད་པ་ཕུལ་བ་ཡིས། །

བདག་གཞན་འགྲོ་བ་མ་ལུས་པ། །

དཀྱིལ་འཁོར་གཅིག་ཏུ་གྲོལ་བར་ཤོག །

སོགས་སྨོན་ལམ་བཏབ། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་ལ་ཞལ་ཆབ་སྨན་རག་གིས་བྲན།

ཨོཾ་ཨཱཿཧཱུྃ།

ཨེ་ཨ་རལླི་ཧྲིཾ་ཛཿ

ཞེས་ལྷག་མགྲོན་བཀུག་ལ།

བྷྱོ༔ དཔལ་གྱི་བཀའ་ཉན་ཕོ་ཉའི་ཚོགས༔

ལྷག་མའི་ལོངས་སྤྱོད་འདི་གསོལ་ལ༔

སྔོན་ཚེ་གཡར་དམ་བཅས་པ་བཞིན༔

བར་ཆད་ཀུན་སོལ་མཐུན་རྐྱེན་སྤེལ༔

མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི༔

 

དང་པོ་མཆོད་བསྟོད་བཟོད་གསོལ་རྣམས་ཛཔ྄་བསྟོད་དུས་ལྟར་བྱ།

ཨོཾ་ཨཱཿཧཱུྃ༔ ཕྱི་མཆོད་འདོད་ཡོན་རྒྱ་མཚོ་སྤྲིན་ལྟར་གཏིབས༔

ནང་མཆོད་སྨན་རཀ་གཏོར་ཚོགས་བསམ་མི་ཁྱབ༔

གསང་མཆོད་བདེ་སྟོང་ཟུང་འཇུག་ཡེ་ཤེས་དབྱིངས༔

འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔

ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་སརྦ་པཉྩ་རཀྟ་བ་ལིཾ་ཏ་མ་ཧཱ་པཱུ་ཛ་ཨཱཿཧཱུྃ༔

 

ཧཱུྃ་ཧྲཱིཿ ངོ་བོ་འོད་གསལ་ཆོས་སྐུའི་ངང་ཉིད་ལས༔

རང་བཞིན་བདེ་སྟོང་ལོངས་སྤྱོད་རྫོགས་སྐུར་ཤར༔

ཐུགས་རྗེ་གང་འདུལ་སྤྲུལ་སྐུས་འགྲོ་དོན་མཛད༔

དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད༔

 

ཨོཾ༔ བླ་མ་ནོར་ལྷའི་ལྷ་ཚོགས་རྣམས༔

བདག་ལ་གསན་ཅིང་དགོངས་སུ་གསོལ༔

བདག་ཅག་མ་རིག་འཁྲུལ་པ་ཡིས༔

ཕྱག་རྒྱ་མ་གསལ་ཛཔ྄་བཟླས་གཡེལ༔

 

ཏིང་འཛིན་དགོངས་པའི་རྩལ་མ་རྫོགས༔

བྱིང་རྒོད་འཆལ་བར་གྱུར་པ་སོགས༔

ནོངས་པ་གྱུར་པ་ཅི་མཆིས་ཀུན༔

སྙིང་ནས་འགྱོད་པས་མཐོལ་བཤགས་ན༔

སྒྲིབ་མདེ་ཚངས་པའི་དངོས་གྲུབ་སྩོལ༔

ཡིག་བརྒྱ་ལན་གསུམ།

ཨ་ཨ་ཨ༔

 

སྒྲུབ་རྟེན་སྤྱི་བོར་བླངས་ཤིང་བདུད་རྩི་བཏུང་ལ།

ཧཱུྃ་ཧྲཱིཿ སྙིང་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔

ཡེ་ཤེས་སྒྱུ་མར་རོལ་པའི་ལྷ་ཚོགས་རྣམས༔

མི་འདའ་རྡོ་རྗེའི་དམ་ཚིག་རྗེས་དགོངས་ལ༔

བྱིན་རླབས་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔

གུ་རུ་དྷེ་ཝ་ཌཱ་ཀི་ནི་ཀཱ་ཡ་ཝཱཀ྄་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧཱུྃ༔

 

དཀྱིལ་འཁོར་བསྡུ་བ་ནི།

མདུན་བསྐྱེད་རྟེན་ཡོད་ན།

ཨོཾ། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །

འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །

ནད་མེད་ཚེ་དང་དབང་ཕྱུག་དང་། །

མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །

ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ།

 

ཧཱུྃ༔ དཔལ་ལྡན་རྒྱལ་པོ་ཆེན་པོ་སྡེ་བཞི་རྣམས༔

བཀྲ་ཤིས་རྩ་གསུམ་ནོར་ལྷའི་སྒོ་སྲུང་ལ༔

དངོས་གྲུབ་འཛད་མེད་ཡུན་དུ་བརྟན་པ་དང་༔

དུས་དང་དུས་སུ་ཐུགས་རྗེས་སྒོ་དབྱེ་གསོལ༔

ཞེས་རྟེན་སྙིང་བརྗོད་ཅིང་མེ་ཏོག་འཐོར་ཞིང་ཤིས་བརྗོད་བྱའོ། །

ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷཱ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝྃ་ཝཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། །

 

བསྡུ་ལྡང་ནི།

ཧཱུྃ་ཧཱུྃ་ཧཱུྃ།

སྣོད་བཅུད་ལྷར་གསལ་བ་ཐམས་ཅད་རང་ལ་ཐིམ།

རང་ཡང་ཐུགས་ཀའི་ས་བོན་ལ་ཐིམ།

དེ་ཡང་མི་དམིགས་པ་འོད་གསལ་གྱི་ངང་དུ་མཉམ་པར་བཞག

 

ཟུང་འཇུག་སྒྱུ་མ་ལྟ་བུའི་རྒྱུན་གྱི་སྤྱོད་ལམ་ནི།

ཕཊ྄་ཕཊ྄་ཕཊ྄།

སླར་ཡང་ཆུ་ལས་ཉ་ལྡང་བའི་ཚུལ་གྱིས་རང་ཉིད་གཙོ་བོའི་སྐུར་གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ཡིག་གིས་མཚན་པར་གྱུར།

ཨོཾ་ཨཱཿཧཱུྃ་བཛྲ་ཀཱ་ཝཱ་ཙི་རཀྵ་ཧྃ༔

སྣང་གྲགས་རིག་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་བལྟ་ཞིང་སྤྱོད་ལམ་ཐམས་ཅད་དོན་ཡོད་པར་བྱའོ། །

 

སྨོན་ལམ་དང་ཤིས་བརྗོད་ལ་གཉིས་ལས།

དང་པོ།

དགེ་རྩ་རྣམས་འཁོར་གསུམ་ཡོངས་དག་བསྔོ་བས་རྒྱས་བཏབ་པ་ནི།

ཧོཿ རིག་འཛིན་བླ་མའི་དཀྱིལ་འཁོར་བསྒྲུབས་པའི་མཐུས༔

བདག་དང་མཐའ་ཡས་སེམས་ཅན་མ་ལུས་ཀུན༔

ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང་༔

འོད་གསལ་ཆོས་སྐུའི་དབྱིངས་སུ་གྲོལ་བར་ཤོག༔

 

གཉིས་པ་ཤིས་པ་བརྗོད་པ་ནི།

མེ་ཏོག་འཐོར་ཞིང་རོལ་མོ་སྣ་ཚོགས་བསྒྲགས་ལ།

རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས༔

ཡི་དམ་མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོགས༔

ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས༔

མཆོག་ཐུན་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔

ཞེས་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །

 

ཅེས་པའང་ཉི་མ་ཞེས་པ་འབྱུང་ལྔ་ལྡན་ཆུ་མོ་ལུག་ལོ་དུས་འཁོར་གསོ་དཔྱད་རྒྱ་རྩིས་ཧོར་བོད་སོགས་ཀྱི་ལུགས་ལྟར་སྟོན་འབྲིང་ཡར་ངོའི་བོད་ཚེས་༨རེས་གཟའ་པ་སངས། སངས་རྒྱས་སྨན་བླའི་དུས་ཆེན་ཉིན་དཔལ་བཀའ་རྙིང་བཤད་སྒྲུབ་གླིང་དུ་ཚང་རིགས་ལྷ་ཡི་གདུང་འཛིན་པ་མཆོག་གཏེར་རིགས་ཆོས་བརྒྱུད་འཛིན་པ་སྔགས་འཆང་རྩི་ཀེ་མཆོག་གླིང་སྐྱེས་སྤྲུལ་བཞི་པ་མི་འགྱུར་བདེ་བའི་རྡོ་རྗེས་ཆོག་བསྒྲིགས་བགྱིས་པའོ། །སརྦ་མངྒ་ལཾ།། །།

 

རྩི་ཁེ་མཆོག་གླིང་རིན་པོ་ཆེ།

Lama Norlha

Further information:

BDRC Author Profiles: P1AG101 P564 P264 P2710

Download this text:

EPUB  PDF 

Vajrayāna Buddhism places restrictions on the reading and practice of certain texts, which are intended only for those who have received the requisite empowerments, transmissions and instructions.

If you are unsure as to whether you are entitled to read or practice a particular text please consult a qualified lineage-holder.

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept