Pema Rigtsal Rinpoche Long-Life Prayer—Tibetan
༄༅། །མཆོག་སྤྲུལ་༧པདྨ་རིག་རྩལ་རིན་པོ་ཆེའི་ཞབས་བརྟན།
ཨོཾ་སྭ་སྟི།
པདྨའི་གཉེན་གྱི་མགུར་ལས་དབྱངས་གཅིག་གིས། །
བསྔགས་པའི་མེ་ཏོག་འཐོར་བའི་ཡེ་ཤེས་སྐུ། །
པདྨ་ལས་འཁྲུངས་ཨོ་རྒྱན་ཆོས་ཀྱི་རྗེ། །
བྱང་ཆེན་བར་དུ་སྙིང་གི་པདྨོ་རོལ། །
མཁས་ཚུལ་གསུམ་གྱིས་བསྟན་པའི་རྒྱལ་མཚན་བསྒྲེངས། །
ཐོས་བསམ་བསྒོམས་པས་རང་རྒྱུད་ཞིང་ས་འདུལ། །
མཁྱེན་བརྩེ་ནུས་པས་གཞན་ཕན་དོན་དུ་གཉེར། །
པདྨ་རིག་རྩལ་ཞབས་ལ་གསོལ་བ་འདེབས། །
གང་གི་གསང་གསུམ་རྡོ་རྗེའི་རང་བཞིན་ནི། །
གཡོ་བའི་ཆོས་ལས་ཡོངས་སུ་འདས་མོད་ཀྱང་། །
གཞན་སྣང་གདུལ་བྱའི་དོན་གཉིས་འགྲུབ་པའི་སླད། །
གཞན་སྣང་གདུལ་བྱའི་སྣང་ངོར་རྟག་བཞུགས་གསོལ། །
སྙིགས་འགྲོའི་ནད་ཀྱི་གསོས་སྨན་ཉག་གཅིག་པུ། །
རྒྱལ་བསྟན་སྤྱི་དང་བྱེ་བྲག་དུས་བབས་ཆོས། །
བདུད་འཇོམས་གླིང་པའི་དགོངས་གཏེར་ནམ་མཁའི་མཛོད། །
བཤད་སྒྲུབ་ཕྲིན་ལས་ཐང་མར་བརྡལ་བ་ནས། །
འབྲེལ་ཐོགས་གདུལ་བྱས་གཙོས་པའི་འགྲོ་བ་ཀུན། །
སྡུག་བསྔལ་གསུམ་གྱི་ཁྲི་མུན་ལས་ཐར་བ། །
རབ་འབྱམས་སྐུ་གསུམ་ཞིང་གི་ཡོན་ཏན་དཔལ། །
འཕེལ་འགྲིབ་བྲལ་བའི་སྣང་བ་མཐོང་གྱུར་ཅིག །
ཅེས་ཞབས་བརྟན་གསོལ་འདེབས་ཤློ་ཀ་རིགས་ལྔའི་གྲངས་ལྡན་འདི་ཉིད་པདྨ་གྲུབ་མཆོག་ནས་སྐྱེ་མེད་དབྱིངས་ཀྱི་ཡི་གེའི་སྒྲ་དང་ལྡན་པའི་ཡུལ་གྱི་ཤོག་དངུལ་དོང་རྩེ་བརྒྱ་ཕྲག་ལྷག་པ་ལྷ་རེག་གིས་བཏེགས་པས་སྣ་དྲངས་ཤིང་། མཆོག་སྤྲུལ་རིན་པོ་ཆེའི་སྐུ་མཆེད་སྤྲུལ་སྐུ་སངས་རྒྱས་བཅས་ནས་བསྐུལ་མ་གནང་འབྱོར་བྱུང་བ་བཞིན་ཁྲག་འཐུང་བདུད་འཇོམས་གླིང་པའི་རིགས་དང་ཆོས་ཀྱི་བརྒྱུད་པའི་བྱིན་རླབས་ཀྱི་སྐལ་པ་སྦོམ་པོར་འཐོབ་པ་ཕྲིན་ལས་ནོར་བུ་ནས་ལྕགས་སྟག་ལོའི་ཧོར་ཟླ་བཅུ་གཅིག་པ་ཕྱི་མའི་ཚེས་བཅུའི་དུས་མཆོད་ཉིན་བསྟི་གནས་ཀུན་བཟང་དགའ་ཚལ་དུ་བྲིས་ནས་དར་གྱིས་ལྕིབས་ཏེ་ཕུལ།། །།