The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Ultimate Dokpa—Tibetan

English | བོད་ཡིག

  ཆོས་ཉིད་དོན་གྱི་བཟློག་པ་བཞུགས་སོ༔

 

 ཆོས་ཉིད་དོན་གྱི་བཟློག་པ་ཞེས་བྱ་བ༔ རྣམ་འབྱོར་པ་རྣམས་དགོངས་པ་མཉམ་ཉིད་ཀྱི་ངང་ནས་རྒྱས་འདེབས་ཆེན་པོའི་ཏིང་ངེ་འཛིན་ལས་བཞེངས་ཏེ༔

ཧཱུྃ༔ ཆོས་ཉིད་འགྱུར་བ་མེད་པ་ལས༔

རང་བྱུང་འཁོར་འདས་སྣང་སྲིད་ཀུན༔

གཉིས་མེད་བདེ་ཆེན་རང་བཞིན་དུ༔

མ་རྟོགས་གཉིས་སུ་འཛིན་པ་ཡང་༔

མ་བཅོས་མཉམ་པའི་ཏིང་འཛིན་གྱིས༔

འཛིན་མེད་རོལ་པ་ཆེན་པོར་བཟློག༔

 

འཁྲུལ་པར་སེམས་པའི་དུག་ལྔ་དང་༔

དུག་ལྔ་སྒྲོལ་བའི་ཐབས་ཆེན་པོ༔

དབྱིངས་ཀྱི་ངང་ལས་མ་གཡོས་ཕྱིར༔

ཡེ་ནས་ཐ་དད་གཉིས་སུ་མེད༔

གཉིས་སུ་མེད་པ་ཆོས་ཀྱི་སྐུ༔

སྤྲོས་བྲལ་བདེ་བ་ཆེན་པོར་བཟློག༔

 

གཏི་མུག་མ་རིག་ཆེན་པོ་ཡང་༔

རང་གསལ་མེ་ལོང་ཡེ་ཤེས་ཏེ༔

གཉིས་སྣང་ཞེན་པས་འཐིབ་པ་རྣམས༔

གཏི་མུག་རྡོ་རྗེ་ཉིད་དུ་བཟློག༔

 

ཞེ་སྡང་གདུག་པའི་རྟོག་པ་ཡང་༔

རང་བྱུང་ཆོས་དབྱིངས་ཡེ་ཤེས་ཏེ༔

གཉིས་སྣང་ཞེན་པས་མནར་བ་རྣམས༔

ཞེ་སྡང་རྡོ་རྗེ་ཉིད་དུ་བཟློག༔

 

ང་རྒྱལ་གཏུམ་པའི་རྟོག་པ་ཡང་༔

རང་བྱུང་མཉམ་ཉིད་ཡེ་ཤེས་ཏེ༔

གཉིས་སྣང་ཞེན་པས་ཁེངས་པ་རྣམས༔

ང་རྒྱལ་རྡོ་རྗེ་ཉིད་དུ་བཟློག༔

 

འདོད་ཆགས་འཛིན་པའི་རྟོག་པ་ཡང་༔

རང་བྱུང་སོར་རྟོག་ཡེ་ཤེས་ཏེ༔

གཉིས་སྣང་ཞེན་པས་འཆིང་བ་རྣམས༔

འདོད་ཆགས་རྡོ་རྗེ་ཉིད་དུ་བཟློག༔

 

ཕྲག་དོག་རྒོད་པའི་རྟོག་པ་ཡང་༔

རང་བྱུང་བྱ་གྲུབ་ཡེ་ཤེས་ཏེ༔

གཉིས་སྣང་ཞེན་པས་འཁྲུགས་པ་རྣམས༔

ཕྲག་དོག་རྡོ་རྗེ་ཉིད་དུ་བཟློག༔

 

འཕོ་འགྱུར་གཉིས་མེད་ཆོས་དབྱིངས་ལས༔

སྒྱུ་མའི་ཆོ་འཕྲུལ་ཅིར་ཡང་འཆར༔

ཐ་དད་འཛིན་པས་སྣ་ཚོགས་གྲུབ༔

མ་རིག་འགྲོ་རྣམས་བདེན་པར་འཁྲུལ༔

མཉམ་ཉིད་རྟོགས་པའི་རྒྱལ་བ་ཡིས༔

སྒྲོལ་ཕྱིར་ཕྲིན་ལས་སྣ་ཚོགས་སྟོན༔

དབྱིངས་ལས་མ་གཡོས་རོལ་པའི་རྒྱན༔

ཐམས་ཅད་རྒྱལ་བའི་ཕྲིན་ལས་ཏེ༔

ཐམས་ཅད་ཡེ་ནས་མཉམ་པ་ཉིད༔

སྤང་བླང་མེད་པའི་འཁའ་དབྱིངས་སུ༔

གཉིས་སྣང་རྟོག་ཚོགས་ཐམས་ཅད་བཟློག༔

 

ཧཱུྃ༔ ང་ནི་རྡོ་རྗེའི་རིག་པ་འཛིན༔

དུས་གསུམ་རྒྱལ་བའི་བདག་ཉིད་ཆེ༔

རང་བྱུང་དགོངས་པའི་བྱིན་རླབས་ཀྱིས༔

འཁོར་འདས་བདེན་ཞེན་སྒྱུ་མ་ཀུན༔

ཡེ་ནས་སྤྲོས་བྲལ་མཁའ་ལ་བཟློག༔

ལྷུན་གྱིས་གྲུབ་པའི་དབྱིངས་སུ་བཟློག༔

བདེ་ཆེན་ཟུང་འཇུག་ངང་དུ་བཟློག༔

མ་སྐྱེས་རང་གནས་ཆེན་པོར་བཟློག༔

འདུ་འབྲལ་མེད་པའི་ངང་དུ་བཟློག༔

སྐྱེ་འགག་གཉིས་མེད་ཀློང་དུ་བཟློག༔

ཅེས་མཉམ་པར་བཞག་གོ༔

 

བདག་འདྲ་ཀུན་བཟང་པདྨ་འབྱུང་གནས་ཀྱིས་བཀོད་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

 

གཏེར་མིང་བསོད་རྒྱལ་གྱིས་ཤོག་སེར་ལས་བཤུས་ཏེ་ཕབ་པའོ།།  །།

 

གཏེར་སྟོན་བསོད་རྒྱལ།

Vajrakīlaya

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept