Pointing Out Instruction—Tibetan
English | Português | 中文 | བོད་ཡིག
༄༅། །སེམས་ཀྱི་ངོ་སྤྲོད།
ཤྲཱིཿགུ་རུ་བྷྱཿ
ཁྱེད་བསྒྲུབ་ལ་བརྩོན་པའི་རྣལ་འབྱོར་པས། །
སེམས་ཀྱི་ངོ་སྤྲོད་དགོས་ཞེས་ཟེར། །
དེ་ཡི་ལན་དུ་འདི་སྐད་དོ། །
སེམས་གཞི་མེད་རྩ་བྲལ་སྟོང་པ་ལ། །
དེ་ཡི་ངོ་བོ་སུ་ཡིས་རྙེད། །
དེ་བཙལ་བས་མ་རྙེད་པའི་རང་བབས་ལ། །
འདི་ཡིན་འདི་མིན་གྱི་སྤུ་རིས་མེད། །
ཐེ་ཚོམ་དང་རྟོག་སྤྱོད་ཡིད་བྱེད་བྲལ། །
གཏིང་ནས་ཐག་ཆོད་ཀྱི་གུ་ཡངས་དེ། །
གནས་ལུགས་ཀྱི་ཕྱོགས་མགོ་མཐོང་ངམ་སྙམ། །
འཁོར་འདས་ཀྱི་སྣང་ཚུལ་འཆར་སྒོའི་ཚོགས། །
སྣང་ཙམ་འཛིན་མེད་དུ་བསྐྱང་པའི་ཚེ། །
གཏད་མེད་བན་བུན་དུ་འཆར་བ་ནི། །
རྗེས་ཐོབ་ཀྱི་རྣལ་འབྱོར་སྒྱུ་འདྲ་ཟེར། །
དེ་ཙམ་ཞིག་ཟུང་འཇུག་ཏུ་བསྒོམས་པ་ན། །
འཆར་སྒོ་གཤིས་ཐོག་ཏུ་དག་པའི་ཚེ། །
བྱང་ཆུབ་ཀྱི་གོ་འཕང་འཐོབ་པར་འགྱུར། །
ཤུབྷཾ།།