First Testament of the Buddhas—Tibetan
༄༅། །སངས་རྒྱས་ཀྱི་འདས་རྗེས་དང་པོ་བཞུགས་སོ༔
རྒྱ་གར་སྐད་དུ༔ བྷཱུདྡྷ་དྷེ་ཀ་ར་ཡ་དུ་ན་མ༔ བོད་སྐད་དུ༔ སངས་རྒྱས་ཐམས་ཅད་ཀྱི་ཞལ་ཆེམས་དང་པོ་ཞེས་བྱ་བ༔ ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ༔ ཀྱེ་མ་ཀྱེ་མ་རིགས་ཀྱི་བུ་རྣམས་གསང་སྔགས་ཐམས་ཅད་ཀྱི་གནད་གཅིག་ཏུ་དྲིལ་ནས་ཉམས་སུ་འདི་ལྟར་ལོངས་ཤིག༔ ལུས་ངག་ཡིད་གསུམ་སྔོན་འགྲོ་ནི༔ མི་རྟག་སྙིང་རྗེ་བྱང་སེམས་སྦྱངས༔ ལུས་འདི་མ་རིག་རྒྱུས་བསྐྱེད་ཕྱིར༔ རིགས་དྲུག་ས་བོན་ཉིད་དུ་གནས༔ རིག་པ་སྐུ་གསུམ་དངོས་ཡིན་ཕྱིར༔ སྐུ་གསུམ་ཡི་གེ་གསུམ་དུ་ཤར༔ ཡི་གེའི་རྩལ་སྦྱངས་རུ་ཤན་དབྱེ༔ དེ་ནས་རྣལ་དུ་དབབ་པའི་ཕྱིར༔ ཉན་ཐོས་བྱང་སེམས་ཁྲོ་བོ་ཡི༔ ལྟ་སྟངས་ཉིད་ཀྱིས་སོར་ཡང་གཞུག༔ གནས་བརྟན་གྲོལ་བའི་གདིང་ཐོབ་ནས༔ ཕྱི་ནང་བྱ་བ་ཀུན་བཏང་སྟེ༔ གླང་སེང་དྲང་སྲོང་བཞུགས་སྟངས་བྱ༔ ངག་ནི་སྨྲ་བའི་རྒྱུན་བཅད་ལ༔ སེམས་ནི་སྨིན་ཕྲག་མཁའ་ལ་གཏད༔ སྒོ་ཡུལ་རླུང་གི་གནད་བསྟུན་པས༔ ཡུལ་ལ་ཡེ་ཤེས་མངོན་དུ་གནད༔ མངོན་སུམ་གནད་ལས་འབྲལ་མི་བྱ༔ མི་འགུལ་གསུམ་ལ་གཞི་བཅས་པས༔ སྣང་བ་བཞི་ཡི་དྲོད་རྙེད་ནས༔ སྡོད་པ་གསུམ་གྱི་ཚད་ཟིན་ཏེ༔ ཐོབ་པ་གསུམ་གྱི་གཟེར་ཐེབས་ནས༔ ཁམས་གསུམ་དག་ཏུ་ལྡོག་རེ་ཀན༔ མྱ་ངན་འདའ་བར་ཐེ་ཚོམ་མེད༔ ཅེས་སུམ་ཅུ་རྩ་གསུམ་གྱི་ལྷོ་ཕྱོགས་སྨན་པ་འཚོ་བྱེད་གཞོན་ནུའི་ལྡུམ་རར༔ རྡོ་རྗེ་འཆང་ཆེན་པོས་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་ཚེ༔ དགའ་རབ་རྡོ་རྗེ་ས་ལ་འགྱེལ་ཞིང་གདུང་བའི་སྨྲེ་སྔགས་ཕྱུང་བ༔ ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀློང་༔ སྟོན་པ་སྒྲོན་མེའི་འོད་ནུབ་ན༔ འཇིག་རྟེན་མུན་པ་གང་གིས་སེལ༔ ཞེས་བརྗོད་དེ་བརྒྱལ་སངས་པ་དང་འོད་ཕུང་གི་ནང་ན་ཕྱག་གཡས་པའི་གྲུ་མོ་མན་ཆད་ཕྱུང་ནས༔ རིན་པོ་ཆེ་ཤེལ་གྱི་ཟ་མ་ཏོག་སེན་གང་བ་ཞིག་ཕྱག་གཡས་པའི་མཐིལ་དུ་བབས་ཏེ༔ དེ་ཞལ་ཕྱེ་བས་རིན་པོ་ཆེ་མཐིང་ཁ་བཻཌཱུརྱ་ཞུན་མས་བྲིས་པ་བབས་པས༔ དགའ་རབ་རྡོ་རྗེ་རྟོགས་པའི་གདིང་རྙེད་དོ༔ ཡང་སངས་རྒྱས་ཀྱི་བྱིན་བརླབས་ལས་རང་ཤར་བ་གསང་སྔགས་ཐམས་ཅད་ཀྱི་ཡང་བཅུད༔ བསྟན་པ་ཐམས་ཅད་ཀྱི་སྙིང་གཟེར༔ སངས་རྒྱས་ཀྱི་འདས་རྗེས་དང་པོ་རྫོགས་སོ༔ སྔགས་ཀྱི་རྒྱལ་མོ་སྲོག་སྒྲུབ་མས་སྲུངས་ཤིག༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔