The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Vast Cloud of Jewels Fulfilment—Tibetan

English | བོད་ཡིག

༄༅། །གེ་སར་གཏེར་བདག་ཝེར་མའི་བསྐང་བ་ནོར་བུ་རྒྱས་པའི་སྤྲིན་ཆེན།

 

བསྐང་རྫས་ཅི་འབྱོར་བ་འདུ་བྱས་བྱིན་གྱིས་བརླབས་ནས་འདི་སྐད་དོ།།

 

ཧཱུྃ་ཧྲཱིཿ རང་བྱུང་ཀ་ནས་དག་པའི་ཐིག་ལེ་ནི། །

གདོད་ནས་སྣང་སྟོང་མཉམ་པའི་ཡེ་ཤེས་ཉིད། །

རང་ཤར་ལྷུན་གྱིས་གྲུབ་པའི་རྩལ་སྣང་ལས། །

སྣང་སྲིད་རྣམ་དག་ནོར་བུའི་གཞལ་མེད་ཁང༌། །

རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་དབུས། །

བུམ་བཟང་དཔག་བསམ་ཤིང་དང་འདོད་འཇོའི་བ། །

ལྷ་དང་བྱང་ཆུབ་སེམས་དཔའི་ནོར་བུའི་རིགས། །

རིན་ཆེན་རི་བོ་བདུད་རྩིའི་ཆུ་མཚོ་དང༌། །

མ་རྨོས་ལོ་ཏོག་གྲུབ་པའི་དམ་རྫས་ཚོགས། །

སྣ་ཚོགས་ནོར་གྱི་ཁྱུ་དང་རཏྣའི་གཏེར། །

བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་སོགས། །

ལྷ་ཀླུ་མི་ཡི་འབྱོར་པ་རྨད་བྱུང་བས། །

ཕྱོགས་རྣམས་ཀུན་དུ་ཕྱུར་བུར་གང་བྱས་ཤིང༌། །

མཁའ་ལ་གསེར་གྱི་སྙིང་པོའི་སྤྲིན་ཆེན་ལས། །

བསྟོད་བསྔགས་སྙན་པའི་འབྲུག་སྒྲ་འབུམ་འཁྲོལ་ཞིང༌། །

ཡིད་འོང་གསེར་འབར་གློག་གི་ཟློས་གར་རྩེ། །

དགོས་འདོད་ནོར་བུའི་ཆར་པ་སི་ལི་ལི། །

དཔའ་མཛངས་མཛེས་པའི་སྐྱེས་བུ་བྱེ་བ་སྙེད། །

དགྱེས་པའི་བྲོ་གར་འདུ་འཕྲོ་ཡིད་དུ་འོང༌། །

རྨད་བྱུང་ལྟ་ན་སྡུག་པའི་སྨིན་ལེགས་འབུམ། །

ཡིད་འཕྲོག་འཇོ་སྒེག་རོལ་པའི་རྒྱང་གླུ་རྩེ། །

དམ་རྫས་སྨན་རག་གཏོར་མ་རི་མཚོར་བསྐྱིལ། །

འདོད་ཡོན་དྲུག་ལྡན་མཆོད་པའི་སྤྲིན་ཕུང་འཐིབ། །

རྡོ་རྗེའི་རིག་མ་འབུམ་གྱིས་དགྱེས་འཛུམ་འཁྱུད། །

 

མདོར་ན་ཕྱི་དང་ནང་དང་གསང་བ་ཡི། །

འཇིག་རྟེན་འཇིག་རྟེན་འདས་པའི་མཆོད་པའི་སྤྲིན། །

མ་ལུས་ལུས་པ་མེད་པར་ལྷུན་གྲུབ་པ། །

དགོས་འབྱུང་འཛད་མེད་སྒྱུ་འཕྲུལ་དྲྭ་བའི་གར། །

སྣང་སྲིད་བདེ་བ་ཆེན་པོར་རང་ཤར་བ། །

རྨད་བྱུང་རྡོ་རྗེ་བཀོད་པའི་མཆོད་སྤྲིན་འདི། །

ཡེ་ཤེས་འདོད་རྒུའི་རོལ་མོར་འཆར་བའི་འཕྲུལ། །

ཀུན་བཟང་མཆོད་སྤྲིན་རྟག་ཁྱབ་ལྷུན་གྲུབ་གཏེར། །

 

དཔལ་ལྡན་འབྱོར་པ་མཆོག་གི་མཆོད་ཆེན་འདིས། །

སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ཐུགས་དམ་བསྐང༌། །

རབ་འབྱམས་རྩ་བ་གསུམ་གྱི་ཐུགས་དམ་བསྐང༌། །

ཆོས་སྐྱོང་ནོར་ལྷ་གཏེར་བདག་ཐུགས་དམ་བསྐང༌།

ཁྱད་པར་དོན་གྲུབ་ཝེར་མ་དཀར་པོ་ནི། །

སྐུ་རྗེ་སེང་ཆེན་ནོར་བུ་དགྲ་འདུལ་རྩལ། །

རྡོ་རྗེ་ཚེ་གཡང་ལོངས་སྤྱོད་རྒྱལ་པོ་ཆེ། །

སྣང་སྲིད་དགྲ་བླའི་རྒྱལ་པོའི་ཐུགས་དམ་བསྐང༌། །

དགྱེས་ཡུམ་མཁའ་འགྲོ་བཞི་ཡི་ཐུགས་དམ་བསྐང༌། །

དམག་དཔོན་མིག་དམར་ཆེན་པོའི་ཐུགས་དམ་བསྐང༌།

དམ་ཅན་རྡོ་རྗེ་ལེགས་པའི་ཐུགས་དམ་བསྐང༌།

སྨན་བཙུན་རྡོ་རྗེ་གཡུ་སྒྲོན་ཐུགས་དམ་བསྐང༌།

རྨ་རྒྱལ་རྡོ་རྗེ་དྲག་རྩལ་ཐུགས་དམ་བསྐང༌། །

ཕུ་བོ་དུང་ཁྱུང་དཀར་པོའི་ཐུགས་དམ་བསྐང༌།

སྟེང་ཕྱོགས་ལྷ་ཡི་གཏེར་བདག་ཐུགས་དམ་བསྐང༌།

ཕ་ཡབ་གེར་མཛོ་གཉན་པོའི་ཐུགས་དམ་བསྐང༌།

བར་ཕྱོགས་གཉན་གྱི་གཏེར་བདག་ཐུགས་དམ་བསྐང༌། །

ནུ་བོ་ཀླུ་སྦྲུལ་འོད་འབྱུང་ཐུགས་དམ་བསྐང༌། །

འོག་ཕྱོགས་ཀླུ་ཡི་གཏེར་བདག་ཐུགས་དམ་བསྐང༌།

ཨ་ནེ་གུང་སྨན་རྒྱལ་མོའི་ཐུགས་དམ་བསྐང༌།

སྣང་སྲིད་མ་མོའི་ཚོགས་ཀྱི་ཐུགས་དམ་བསྐང༌།

སྲིད་ལྕམ་ཐ་ལེ་འོད་དཀར་ཐུགས་དམ་བསྐང༌།

འབྱུང་བ་ལྔ་ཡི་ལྷ་མོའི་ཐུགས་དམ་བསྐང༌། །

རྫུ་འཕྲུལ་རླུང་རྟ་ལྷ་བཞིའི་ཐུགས་དམ་བསྐང༌། །

མགྲོན་ཡག་དར་མ་བཅུ་གསུམ་ཐུགས་དམ་བསྐང༌།

གནམ་ས་བར་གྱི་ཝེར་མའི་ཐུགས་དམ་བསྐང༌།

སྐུ་འཁོར་དགྲ་བླ་ཝེར་མའི་ཐུགས་དམ་བསྐང༌།

ཌཱ་ཀི་དྭངས་སྨན་ཚོགས་ཀྱི་ཐུགས་དམ་བསྐང༌། །

དཔའ་བརྟུལ་དཔའ་བོའི་ཚོགས་ཀྱི་ཐུགས་དམ་བསྐང༌།

བཀའ་འབངས་སྤྲུལ་པའི་ལྷ་དམག་ཐུགས་དམ་བསྐང༌།

བཀའ་སྡོད་སྣང་སྲིད་དྲེགས་པའི་ཐུགས་དམ་བསྐང༌།

སྣང་སྲིད་དགྲ་བླ་ཝེར་མའི་ཐུགས་དམ་བསྐང༌།

 

མདོར་ན་སེང་ཆེན་ནོར་བུའི་དཀྱིལ་འཁོར་དུ། །

དགྱེས་བཞིན་བཞུགས་པ་རབ་འབྱམས་ནོར་ལྷའི་ཚོགས། །

ཡེ་ཤེས་ལས་དང་འཇིག་རྟེན་ཚུལ་འཛིན་པ། །

མ་ལུས་ལུས་པ་མེད་པའི་ཐུགས་དམ་བསྐང༌། །

 

དག་མཉམ་བདེ་བ་ཆེན་པོར་རྟག་དགྱེས་ནས། །

བདག་ཅག་སྒྲུབ་པ་པོ་ལ་ཚེ་དང་གཡང༌། །

བསོད་ནམས་དཔལ་འབྱོར་བདེ་སྐྱིད་ཆོས་དང་དབང༌། །

གཟུངས་སྤོབས་བློ་དང་གཟི་བརྗིད་བཀྲག་མདངས་བཅུད། །

ཉམས་དང་རྟོགས་པ་མཐུ་སྟོབས་ནུས་པའི་རྩལ། །

ཡར་ངོའི་ཟླ་བ་བཞིན་དུ་འཕེལ་བ་དང༌། །

ཕྱོགས་དང་དུས་ཀྱིས་བསྡུས་པའི་ཕྱྭ་གཡང་དཔལ། །

ཆར་ཕོབ་མཚོ་ལྟར་སྐྱིལ་ལ་སྤྲིན་ལྟར་བསྡུས། །

 

བདེ་སྟོང་རྡོ་རྗེ་ཐུགས་ཀྱི་ངང་ཉིད་ནས། །

རྟག་ཏུ་མི་འབྲལ་དགྱེས་རྒུར་སྐྱོང་མཛད་དེ། །

བདེ་ནས་བདེ་བ་རྣམ་མཁྱེན་ནོར་བུའི་གླིང༌། །

ཇི་དགར་བགྲོད་པའི་སྐལ་བཟང་མཆོག་སྩོལ་ཞིང༌། །

 

དཔལ་ལྡན་ནོར་ལྷ་རྒྱ་མཚོའི་དཀྱིལ་འཁོར་གྱི། །

བྱིན་ནུས་ཕྱྭ་གཡང་གནས་འདིར་ཆགས་གྱུར་ནས། །

ཁམས་གསུམ་སྲིད་གསུམ་དབང་དུ་འདུ་བ་དང༌། །

ཕྱོགས་ལས་རྣམ་པར་རྒྱལ་བའི་མཆོག་སྩོལ་ཅིག །

 

སྙན་དང་གྲགས་པས་རྒྱལ་ཁམས་ཀུན་ཏུ་གང༌། །

བཀྲ་ཤིས་བསྟན་པ་ཕྱོགས་ཀྱི་ཐ་གྲུར་ཁྱབ། །

མངའ་ཐང་དབུ་འཕང་སྲིད་པའི་རྩེ་མོར་བསྟོད། །

ཕུན་ཚོགས་བསམ་རྒུ་འགྲུབ་པར་མཛད་དུ་གསོལ། །

 

བཀྲ་ཤིས་དགེ་མཚན་བྱེ་བའི་གཟི་བྱིན་གཡང༌། །

རྟག་ཏུ་སྣང་སྟོང་ཐིག་ལེར་འཁྱིལ་མཛད་ཅིང༌། །

མི་ཤིགས་ཀུན་འབྱུང་བུམ་པ་བཟང་པོ་ནས། །

མཆོག་ཏུ་ཚིམ་བྱེད་གྲུབ་པའི་རྒྱལ་ཐབས་སྩོལ། །

 

མཐའ་ཡས་འགྲོ་བ་ཀུན་ལ་དུས་རྟག་ཏུ། །

ཕན་བདེ་མི་ཟད་མཆོག་གི་གཞིར་གྱུར་པ། །

ཡེ་ཤེས་ནོར་བུ་འབར་བའི་གཟི་བྱིན་འོད། །

ཆོས་ཀྱི་དབྱིངས་དང་མཉམ་པར་རྒྱས་པར་མཛོད། །

 

འདི་ལྟར་གེ་སར་ཝེར་མའི་རྒྱལ་པོ་ཡི། །
གཡང་སྒྲུབ་བསམ་འཕེལ་ཡིད་བཞིན་ནོར་བུ་ལ། །

གཞུང་དང་ཕྱྭ་གཡང་འགུགས་པའི་ཕྲིན་ལས་ཏེ། །
གཉིས་པོ་ཙམ་ལས་གཞན་དག་མ་མཐོང་བས། །
བསྐང་གསོལ་འདི་འདྲ་སྦྱར་ན་ཆེས་ལེགས་ཤིང༌། །
དེ་གསུམ་ཙམ་གྱིས་དོན་ཀུན་བདེ་བླག་གྲུབ། །
དེ་ལས་རྒྱས་སྤྲོས་གཞན་གྱིས་ཅི་བྱ་ཞེས། །
བསམས་ནས་བསྐང་རིམ་བློ་ལ་གང་ཤར་བ། །
ཤར་མར་རྟེན་འབྲེལ་དགེ་བའི་དུས་སུ་བྲིས། །
འདི་ཡི་དགེ་བས་སྐྱེ་བོ་ཐམས་ཅད་ཀུན། །
ཕྱྭ་གཡང་འཛད་མེད་ནོར་བུའི་ཆུ་གཏེར་ལ། །
འདོད་རྒུར་རོལ་པའི་སྐལ་བཟང་ཐོབ་གྱུར་ཅིག །

 

ཅེས་པའི་བསྐང་གསོལ་འདི་ཡང་མི་ཕམ་པས་བཀྲ་ཤིས་ལྷ་རྩེར་བྲིས་པ་མངྒ་ལཾ། །

 

མི་ཕམ་རིན་པོ་ཆེ།

Gesar Series

Further information:

Download this text:

EPUB  PDF 

Vajrayāna Buddhism places restrictions on the reading and practice of certain texts, which are intended only for those who have received the requisite empowerments, transmissions and instructions.

If you are unsure as to whether you are entitled to read or practice a particular text please consult a qualified lineage-holder.

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept