Heart-Essence of Good Fortune Gesar Lungta—Tibetan
༁ྃ༔ བོད་ཡུལ་སེང་ཆེན་རྒྱལ་པོ་ལ་བརྟེན་པའི། བསོད་ནམས་རླུང་རྟ་བསྐྱེད་པའི་ཆོ་ག་སྐལ་བཟང་སྙིང་གི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། །
བསོད་ནམས་རླུང་རྟ་བསྐྱེད་པའི་ཆོ་ག་སྐལ་བཟང་སྙིང་གི་ཐིག་ལེ་ནི། འདི་ལྟར་རང་གི་རིག་པ་དྲི་མ་མེད་པ་ཀ་དག་ཀུན་ཏུ་བཟང་པོ་རང་བྱུང་པདྨ་རྒྱལ་པོ། ལྷུན་གྲུབ་ནོར་བུ་དགྲ་འདུལ་རང་ཞལ་མཇལ་བའི་གདིང་ལ་དཔའ་བསྐྱེད་དེ། ཆོས་སྐྱོང་དགྲ་བླ་བསྟོད་པའི་མཇུག་ཏུ་འདི་ལྟར་གྱེར་བར་བྱའོ། །
ཧཱུྃ། ལྷུན་གྲུབ་པདྨ་ལས་སྐྱེས་མཚན་དཔེའི་སྐུ། །
དགྲ་བླའི་ཆས་ཀྱིས་བརྗིད་ཀྱང་གང་གི་ཐུགས། །
རིག་འཛིན་གཙོ་བོ་ཉིད་ལས་མི་གཞན་པ། །
འགྱུར་མེད་རྒྱལ་པོ་དོན་གྲུབ་སྐྱེས་བུ་ནི། །
འགྲོ་བ་ཀུན་ལ་བདེ་སྐྱིད་དམ་བཅའ་བ། །
ཚད་མེད་བརྩེ་བའི་དབང་གིས་འདོད་པའི་དོན། །
བསྒྲུབ་ཕྱིར་བདག་ཡིད་དྭངས་མའི་ཐིག་ལེ་རུ། །
རོ་གཅིག་བཞུགས་པས་དངོས་གྲུབ་གཉིས་ཐོབ་མཛོད། །
ཕྱོགས་བཅུའི་ཞིང་བཞུགས་བདེ་གཤེགས་སྲས་བཅས་དང༌། །
ཡི་དམ་མཁའ་འགྲོ་སྐྱབས་འོས་ལྷ་ཚོགས་ཀྱི། །
སྐུ་གསུང་ཐུགས་ཡོན་ཕྲིན་ལས་བྱིན་དབབ་ཅིང༌། །
ཕུན་ཚོགས་སྡེ་བཞིར་དབང་བའི་རླུང་རྟ་བསྐྱེད། །
མི་བཟད་མཐུ་མངའ་ཆོས་སྐྱོང་སྲུང་མའི་ཚོགས། །
ཇི་སྙེད་མ་ལུས་རྒྱ་མཚོར་ཆར་བཞིན་དུ། །
ལུས་ངག་ཡིད་ལ་ཐིམ་པའི་བྱིན་ནུས་ཀྱིས། །
མཐུ་རྩལ་ཕུན་སུམ་ཚོགས་པའི་རླུང་རྟ་བསྐྱེད། །
དྲི་བཟང་པདྨོར་ལྡིང་བའི་བུང་བ་ལྟར། །
སྲིད་དོ་ཅོག་གི་དགྲ་བླ་ཝེར་མའི་ཚོགས། །
སྐྱེས་བུའི་སྐུ་ལ་སྤྲིན་ཕུང་བཞིན་འདུ་བས། །
གང་བསམ་ལས་ལ་དབང་བའི་རླུང་རྟ་བསྐྱེད། །
འཇིག་རྟེན་ཁམས་སུ་རྒྱུ་བའི་རིགས་ལྡན་དང༌། །
འབྱུང་པོའི་ཚོགས་ཀྱིས་སྲུང་ཞིང་ཕན་པའི་སེམས། །
ཉ་གང་ཟླ་བའི་དཀྱིལ་འཁོར་ལྟར་དཀར་བས། །
མཐུན་རྐྱེན་རླབས་ཆེན་འཕྲོ་བའི་རླུང་རྟ་བསྐྱེད། །
པདྨོ་གཞོན་ནུར་འཆར་ཁའི་ཉི་ཟེར་བཞིན། །
འགྲོ་བ་ཀུན་གྱི་བསམ་དང་སྦྱོར་བའི་ཚུལ། །
བདག་གི་མཐུན་རྐྱེན་གྲོགས་སུ་འཆར་བ་ཡིས། །
ཡིད་འོང་དགའ་སྟོན་སྟོང་གི་རླུང་རྟ་བསྐྱེད། །
མཁའ་མཉམ་ཞིང་གི་དཔལ་དང་ཡོན་ཏན་ཀུན། །
ཅིག་ཆར་དབང་དུ་གྱུར་པའི་ཟླ་བ་ཡིས། །
དཀར་ཕྱོགས་དགའ་བའི་ཀུནྡ་འཛུམ་ནུས་པའི། །
མི་ཟད་བསོད་ནམས་རླུང་རྟའི་དཔལ་ཡོན་བསྐྱེད། །
སྲིད་འདིར་མངོན་མཐོས་སྙེམས་པའི་གཙུག་ཉིད་ལ། །
ཟིལ་གནོན་གར་གྱིས་རོལ་པའི་ཞབས་གཉིས་པོ། །
དགྲ་སྡེའི་སྤྱི་བོར་ལེན་པའི་དབང་མངའ་བ། །
མི་བཟད་ཤུགས་ལྡན་རྡོ་རྗེའི་རླུང་རྟ་བསྐྱེད། །
འགལ་རྐྱེན་ཀུན་ཞི་འདོད་ཅིང་རེ་བའི་དོན། །
མ་ལུས་གེགས་མེད་ཡིད་བཞིན་འགྲུབ་པ་ཡིས། །
ལས་རྣམས་བསྒྲུབ་ལ་ཐོགས་མེད་མཐུ་ལྡན་པས། །
ཕྱོགས་ལས་རྣམ་པར་རྒྱལ་བའི་རླུང་རྟ་བསྐྱེད། །
བདེ་གཤེགས་སྙིང་པོ་ཀུན་ཁྱབ་གདོད་མ་ནས། །
དོན་ཀུན་ལྷུན་གྲུབ་གང་ཁྱོད་དྲན་པས་ཀྱང༌། །
དོན་རྣམས་འགྲུབ་མཛད་དོན་གྲུབ་སྐྱེས་བུ་ཡིས། །
དོན་ཀུན་འབད་མེད་འགྲུབ་པའི་རླུང་རྟ་བསྐྱེད། །
རང་རིག་ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ། །
གདོད་ནས་རྒྱལ་བ་ཀུན་དང་མི་གཉིས་པ། །
རང་བྱུང་པདྨའི་ངོ་བོར་རྣམ་དག་པས། །
འགྲོ་ཀུན་གདོད་མའི་གཞི་ལ་གྲོལ་བྱེད་ཤོག །
དེ་ལྟར་མ་གྱུར་གནས་སྐབས་ཐམས་ཅད་དུ། །
རྒྱལ་བ་ཀུན་དང་རྒྱལ་ཀུན་སྙིང་པོ་ནི། །
མཚོ་སྐྱེས་རྡོ་རྗེས་ཁྱོད་དོན་འགྲུབ་གྱུར་ཅེས། །
དཔལ་ཀུན་རྩོལ་བའི་མེ་ཏོག་གཏོར་གྱུར་ཅིག །
ཅེས་བརྗོད་དེ་འཛམ་གླིང་རྒྱལ་པོ་གེ་སར་མདུན་དུ་བསྒོམས་པ་རང་ལ་དབྱེར་མེད་དུ་ཐིམ་པར་བསམ་ནས་འདི་ལྟར་གྱེར་ཞིང་རིག་པ་དྲི་མེད་ཀྱི་ངང་བསྐྱང་བཞིན། བསམ་ལྷུན་སིདྡྷི་གང་མང་བསྒྲག་ན། རླུང་རྟ་སྙན་པའི་བ་དན་དགེ་མཚན་རླུང་གིས་བསྐྱོད་པས་ཕྱོགས་བཅུར་གྲགས་པ་རྒྱས། ལས་བྱས་པ་རྣོ་མྱུར་ཐོགས་མེད་དུ་འོང༌། ལེགས་པའི་ཕྱོགས་ལ་འཕྲད། ཉེས་པར་བསྣོལ། རྒྱལ་ཁ་ཐོབ་སྟེ་མི་ཡི་ཁྱུ་མཆོག་ཏུ་མངའ་གསོལ་བར་འགྱུར་རོ། །དེ་ལྟར་བྱུང་བར་དངོས་སུ་ཉམས་དང་སྣང་བ་དཔའ་བ་སོགས་དང༌། རྨི་ལམ་དུ་རྟ་ཕོ་ཞོན་པ། རོལ་མོ་སྒྲོགས་པ། བ་དན་ཕྱར་བ། རི་ལ་འཛེགས་པ། གྱི་ལིང་འབྲུག་དང་སེངྒེ་སྟག་ལ་སོགས་པར་ཞོན་པ་སོགས་ངོ་མཚར་བའི་རྟགས་འབྱུང་ངོ༌། །
ཀ་དག་རིག་པའི་རྒྱལ་པོ་པདྨ་སྐྱེས། །
ལྷུན་གྲུབ་ནོར་བུ་དགྲ་འདུལ་འབོད་པའི་རྗེ། །
དབྱེར་མེད་ཐིག་ལེ་གཅིག་པའི་སྒྱུ་འཕྲུལ་ལས། །
དག་སྣང་མན་ངག་རིག་པའི་གསང་ནས་སྤེལ། །
རང་ལོ་ཉི་ཤུ་པ་ཤིང་གླང་ཟླ་༡༠ཚེས་༥ལ་བྲིས་པ་མངྒ་ལཾ། །