The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Gesar Windhorse—Tibetan

English | བོད་ཡིག

ཊྐཾཿ རྡོ་རྗེའི་སེང་ཆེན་རྒྱལ་པོ་ལ་བརྟེན་པའི་རྟེན་འབྲེལ་རླུང་རྟ་བསྐྱེད་པའི་ཆོ་ག་བཞུགས་སོ་དགེ་ལེགས་འཕེལ།

 

ཊྐཾཿ ན་མོ་གུ་རུ་པདྨ་མཉྫུ་ཤྲཱི་བཛྲ་ཏིཀྵྞ་ཡ།

 

དེ་ཡང་འདིར་ལེགས་བྱས་མཐོ་དམན་དུ་བསྒྱུར་བའི་རྟེན་འབྲེལ་ཐུགས་སྟོབས་ཀླུང་གི་རྟ་ཕོ་ལྟ་བུ་འདི་ཡི་དར་གུད་ལས། སྐྱེ་འགྲོའི་བྱ་བའི་ལམ་འགྲོས་ཆེ་ཆུང་ཐ་དད་པར་འགྱུར་བ་ཡིན་ལ། དེ་བསྐྱེད་པའི་རྟེན་འབྱུང་དུ་བོད་ཡུལ་རྒྱལ་པོ་དགྲ་འདུལ་ལ་བརྟེན་པ་ནི། ཐབས་གཞན་ལས་ཆེས་ཟབ་པའི་མཐར་ཐུག་ཡིན་པས་འདི་ལ་འབད་འཚལ།

དེ་ལ་ལོ་ཁམས་སམ་སྤར་སྨེ་རླུང་ཁམས་ཀྱི་མདོག་ཁྱད་པར་དུ་བྱས་པའི་མདོག་ལྔའི་དར་རས་ལ། རླུང་རྟ་བསྐྱེད་པའི་རྟེན་འབྱུང་གི་རི་མོ་ཇི་སྙེད་པ་དང༌། ཁྱད་པར་སེར་པོ་ལ་རྟ། དམར་པོར་སྟག སྔོན་པོར་འབྲུག ལྗང་གུར་ཁྱུང༌། དཀར་པོར་སེང་གེ་བྲི། དར་གྱི་བ་དན་ལྕེ་བཞི་ལ། བསམ་ལྷུན་སིདྡྷི་དང་འདོད་གསོལ། གཞན་ཡང་ཀླུང་རྟ་བསྐྱེད་པའི་སྔགས་ལ་སོགས་པ་བྲི་ཞིང༌། འདོད་གསོལ་དུ་འདི་བྲི་ཞིང་ངག་ཏུའང་གྱེར་རོ། །

 

ཧཱུྃ༔ ཆོས་ཀུན་རྣམ་དག་རྡོ་རྗེ་རྣོན་པོའི་ཐུགས། །

ཆོས་ཉིད་དྲི་མེད་སངས་རྒྱས་པདྨ་སྐྱེས། །

སྒྱུ་འཕྲུལ་འགག་མེད་རྡོ་རྗེའི་དཔའ་བོ་ཆེ། །

རིག་འཛིན་ནོར་བུ་དགྲ་འདུལ་འཁོར་བཅས་ཀྱིས། །

དགེ་མཚན་རྣམ་རོལ་འཆར་བ་རླུང་རྟའི་དར། །

ཆོས་ཅན་འགག་མེད་རོལ་པའི་མཆོད་པ་འདི། །

ཆོས་ཉིད་ཞི་བ་དབྱིངས་ཀྱི་ཐིག་ལེར་བཞེས། །

རླུང་རྟ་སྙན་པའི་བ་དན་གཡོ་བར་མཛོད། །

གྲགས་སྙན་དགེ་བ་འབུམ་གྱི་ལེགས་བྱས་མཛོད། །

 

ཁྱོད་ཐུགས་ཀུན་ཁྱབ་དཔལ་གྱི་བེའུ་ལས། །

རྫུ་འཕྲུལ་རྟ་སྟག་ཁྱུང་འབྲུག་སེང་སོགས་ཀྱི། །

མི་ཟད་ངོ་མཚར་གཡོ་བའི་རྟེན་འབྱུང་གིས། །

སྲིད་པའི་དཔལ་ཡོན་ཀུན་ལས་མངོན་མཐོ་བ། །

མི་ནུབ་རྒྱལ་མཚན་ནོར་བུའི་ཏོག་མཛེས་ཉིད། །

ས་གསུམ་ཡིད་འོང་བདུད་རྩིའི་སྙིང་པོ་ཅན། །

རྨད་བྱུང་སྐལ་བཟང་རླུང་རྟའི་ཤུགས་སྐྱེད་ཅིག །

 

དེ་ཡང་འདིར་ལེགས་བྱས་མཐོ་དམན་དུ་བསྒྱུར་བའི་རྟེན་འབྲེལ་ཐུགས་སྟོབས་ཀླུང་གི་རྟ་ཕོ་ལྟ་བུ་འདི་ཡི་དར་གུད་ལས། སྐྱེ་འགྲོའི་བྱ་བའི་ལམ་འགྲོས་ཆེ་ཆུང་ཐ་དད་པར་འགྱུར་བ་ཡིན་ལ། དེ་བསྐྱེད་པའི་རྟེན་འབྱུང་དུ་བོད་ཡུལ་རྒྱལ་པོ་དགྲ་འདུལ་ལ་བརྟེན་པ་ནི། ཐབས་གཞན་ལས་ཆེས་ཟབ་པའི་མཐར་ཐུག་ཡིན་པས་འདི་ལ་འབད་འཚལ། དེ་ལ་ལོ་ཁམས་སམ་སྤར་སྨེ་རླུང་ཁམས་ཀྱི་མདོག་ཁྱད་པར་དུ་བྱས་པའི་མདོག་ལྔའི་དར་རས་ལ། རླུང་རྟ་བསྐྱེད་པའི་རྟེན་འབྱུང་གི་རི་མོ་ཇི་སྙེད་པ་དང༌། ཁྱད་པར་སེར་པོ་ལ་རྟ། དམར་པོར་སྟག སྔོན་པོར་འབྲུག ལྗང་གུར་ཁྱུང༌། དཀར་པོར་སེང་གེ་བྲི། དར་གྱི་བ་དན་ལྕེ་བཞི་ལ། བསམ་ལྷུན་སིདྡྷི་དང་འདོད་གསོལ། གཞན་ཡང་ཀླུང་རྟ་བསྐྱེད་པའི་སྔགས་ལ་སོགས་པ་བྲི་ཞིང༌། འདོད་གསོལ་དུ་འདི་བྲི་ཞིང་ངག་ཏུའང་གྱེར་རོ། །

 

ཧཱུྃ། མཁའ་ཁྱབ་སྒྱུ་འཕྲུལ་དྲྭ་བའི་བདག་ཉིད་ནི། །

གཉིས་མེད་ཡེ་ཤེས་སྐུ་མཆོག་པདྨ་སྐྱེས། །

ཕྲིན་ལས་ཐོགས་མེད་དཔའ་བོའི་སྐུར་བཞེངས་པ། །

སྐྱེས་མཆོག་རིག་འཛིན་ནོར་བུ་དགྲ་འདུལ་རྗེ། །

གཞི་ལས་འདུ་འབྲལ་མེད་པའི་དམ་ཚིག་དང༌། །

གནས་སྐབས་དད་གུས་གདུང་བས་རྩེ་གཅིག་ཏུ། །

མཁྱེན་བརྩེའི་གཏེར་ཆེན་ཁྱེད་ཐུགས་གནད་བསྐུལ་ན། །

རིག་འཛིན་པདྨའི་ཐུགས་ཀྱི་ཀློང་ནས་བཞེངས། །

དྲི་མེད་དབྱིངས་ལ་ཐོགས་པ་མེད་རྒྱུ་བ། །

འགག་མེད་རྡོ་རྗེའི་འགྲོས་ཀྱིས་སྐད་ཅིག་གིས། །

གནམ་ས་བར་སྣང་ཁྱབ་པའི་གར་བྱེད་ཅིང༌། །

དགྲ་བླ་ཝེར་མ་ཆར་སྤྲིན་ལྟ་བུར་འཚུབ། །

མཚར་སྡུག་དྭངས་སྨན་དགྱེས་པའི་གླུ་དབྱངས་སྒྲོགས། །

རེག་འཇམ་ཤུགས་དྲག་རྡོ་རྗེའི་རླུང་གཡོ་ཞིང༌། །

བདུད་རྩིའི་ཆར་དང་འཆི་མེད་འདོད་དགུའི་བཅུད། །

ཡིད་འོང་དྲི་བསུང་སྤོས་ཀྱི་ངད་ལྡང་བ། །

རྡོ་རྗེའི་ཅང་ཤེས་འཁྱུག་པའི་ངར་གྱིས་གཡོ། །

སྣ་ཚོགས་དར་གྱི་ཅོད་པན་པུ་རུ་རུ། །

རིན་ཆེན་རོལ་མོའི་སྒྲ་སྙན་ཁྲོ་ལོ་ལོ། །

དགྲ་བླའི་བ་དན་གཡོ་བ་ཤིགས་སེ་ཤིག །

དཔའ་བའི་ཀི་བསྭོ་ཆ་སྒྲ་སྒྲོགས་པ་ཡི། །

ཁམས་གསུམ་དྲེགས་པའི་དམག་དཔུང་རྣམས་ཀྱི་མཆོག །

དཔའ་བོ་མཁའ་འགྲོའི་དབུས་ན་རྡོ་རྗེའི་སྐུ། །

རབ་བརྗིད་སེང་ཆེན་རྒྱལ་པོ་འཁོར་དང་བཅས། །

སྐད་ཅིག་གློག་ལྟར་མྱུར་བས་གནས་འདིར་བྱོན། །

 

དྲི་མེད་རླུང་རྟ་བསྐྱེད་པའི་དགེ་མཚན་གྱི། །

ལྷ་རྫས་བ་དན་གཡོ་བ་འདི་བཞེས་ལ། །

དགེ་མཆོག་རླུང་རྟ་སྙན་པའི་བ་དན་དེ། །

ཤུགས་ཆེན་རྡོ་རྗེའི་རླུང་གིས་བསྐྱོད་གྱུར་ནས། །

ཕྱོགས་བཅུའི་ཕྱོགས་མཐར་ཁྱབ་པ་སྙན་གྲགས་དཔལ། །

ངོ་མཚར་མཐོང་ན་དགའ་བའི་རང་བཞིན་གཏེར། །

ལས་རླུང་ལྷ་ཡི་རོལ་མོ་དཀྲོལ་བར་མཛོད། །

 

སྙིང་ག་དཔལ་བེའུའི་ཁྱིམ་ལ་དགྱེས་རོལ་ནས། །

དྭངས་པའི་དབྱིངས་ལ་ལྷ་ཡི་སྤྲིན་བཞིན་དུ། །

ངོ་མཚར་དགའ་བའི་རོལ་རྩེད་གཡོ་བའི་གར། །

དབྱེར་མེད་དབྱིངས་ཀྱི་གཤིས་ལ་བསྒྱུར་བར་མཛོད། །

སྙིང་ནང་བདུད་རྩིས་གང་བའི་དཔྱིད་བཞིན་དུ། །

ཉམས་འགྱུར་ཟག་མེད་བདེ་བའི་རོ་ཙ་འཕེལ། །

འདའ་མེད་དབང་གི་གཟི་དྲོད་འབར་བ་ཡིས། །

འདོད་དགུའི་དཔལ་མོ་མགྲོན་དུ་ཁུག་པར་མཛོད། །

 

ཤུགས་ཆེན་རྡོ་རྗེའི་རླུང་གིས་བསྐྱོད་པ་ཡི། །

རྫུ་འཕྲུལ་ཐོགས་མེད་འདོད་པའི་མཁའ་ལ་འགྲོ། །

ཡིད་འོང་སྤྲིན་ལས་དགའ་བའི་གཟུགས་ངོམས་པ། །

རྣོ་མྱུར་ལས་ཀྱི་རྟེན་འབྱུང་ཅང་ཤེས་རྟ། །

ལེགས་བྱས་མཐོ་དམན་བསྒྱུར་བའི་བཞོན་པ་ནི། །

སྲིད་པར་རྒྱུ་ཞིང་ཞི་བའི་ལམ་ལ་འགྲོ། །

རྡོ་རྗེའི་རྐྱང་རྒོད་ནོར་བུའི་ཕྲིན་ལས་འཕྲུལ། །

མི་མཆོག་ནོར་བུ་དགྲ་འདུལ་ཁྱེད་ལ་འབུལ། །

དབྱེར་མེད་ཞི་བ་དབྱིངས་ཀྱི་ཐིག་ལེར་བཞེས། །

རྣམ་དག་པདྨའི་མཁའ་དབྱིངས་རང་གྲོལ་ནས། །

རླུང་རྟ་སྙན་པའི་བ་དན་གཡོ་བར་མཛོད། །

 

མི་བཟད་ང་རོ་གཡོ་བའི་དཔའ་རྔམ་གྱི། །

དྲག་པོའི་མེ་ལྕེ་མཆེད་པའི་ཟིལ་འཁྲུགས་པ། །

རྣམ་མང་དགྲ་བླ་འདུས་པའི་སྙིང་སྟོབས་གཟུགས། །

རྔམ་བརྗིད་མཆོངས་ལྡེམ་འགྱིང་བ་འཛུམ་ལྡན་སྟག །

སྐྱེས་བུའི་ཡིད་ལ་དཔའ་བའི་སྟོབས་ཀྱི་རྟེན། །

རྒོལ་ངན་རི་བོ་འཇོམ་པའི་རྡོ་རྗེ་ནི། །

མཐར་བྱེད་དྲག་པོ་དགྲ་འདུལ་ཐུགས་ལས་སྤྲུལ། །

སྲིད་པར་རྒྱུ་ཞིང་དཀར་ཕྱོགས་སྟོབས་ལས་སྤྲུལ། །

མི་མཆོག་ནོར་བུ་དགྲ་འདུལ་ཁྱེད་ལ་འབུལ། །

 

རབ་བརྗིད་འགྱིང་བ་དཔའ་བོའི་གཟུགས་ཀྱི་དཔལ། །

གནམ་ལྕགས་རི་བོའི་ཟོམ་ནས་ངོམས་པའི་ཡིད། །

བདུད་རྩིས་མྱོས་པའི་ཟེར་ལས་ཁམས་གསུམ་པོ། །

ཅིག་ཆར་ཟིལ་གྱིས་གནོན་པའི་གདོང་ལྔ་པ། །

དགེ་བའི་ཕྱྭ་གཡང་ཆགས་པའི་མདངས་འཕྲོ་ཞིང༌། །

ཕ་རོལ་སྟོབས་འཕྲོག་རྣམ་གནོན་གཟི་བརྗིད་རྟེན། །

ལྷུན་སྟུག་མངོན་པར་མཐོ་བ་མིའི་ཁྱུ་མཆོག །

ཟག་མེད་གཟི་འབར་སེང་ཆེན་སྐུ་ལས་སྤྲུལ། །

མི་མཆོག་ནོར་བུ་དགྲ་འདུལ་ཁྱེད་ལ་འབུལ། །

 

དཔག་བསམ་ལྗོན་པའི་རྩེ་ནས་བསྐྱོད་པ་ཡི། །

དྲག་པོའི་འདབ་གཤོག་རྫུ་འཕྲུལ་རླུང་གི་བང༌། །

ཐོགས་མེད་མཁའ་ལ་ལྡིང་ཞིང་འགྱིང་བ་ཡི། །

ངོ་མཚར་ཕུན་སུམ་ཚོགས་པ་ཝེར་མའི་ཁྱུང༌། །

སྐྱེས་བུའི་ཡིད་ལ་ཡོན་ཏན་ཀུན་སྤེལ་བ། །

མི་ཟད་དཔལ་གྱི་ནོར་བུ་དགའ་བའི་རྟེན། །

ཤིན་ཏུ་ཡིད་འོང་རྨད་བྱུང་མཛངས་པའི་དཔྱིད། །

མངོན་པར་དགའ་བ་སྐྱེས་བུའི་ཡོན་ཏན་འཕྲུལ། །

མི་མཆོག་ནོར་བུ་དགྲ་འདུལ་ཁྱེད་ལ་འབུལ། །

 

སྟུག་ལྡན་ཆུ་སྤྲིན་གཞོན་ནུའི་རུམ་གནས་པ། །

མཛེས་པའི་གློག་དམར་གཡོ་བའི་སྐ་རགས་ཅན། །

གྲགས་སྙན་དགེ་བའི་གསུང་སྒྲོགས་རྒྱ་མཚོའི་མངལ། །

ཟབ་པའི་དགེ་མཚན་ཆེས་ལྡིར་དགྲ་བླའི་འབྲུག །

རྒྱལ་ཐབས་རེ་བ་རྫོགས་པའི་ང་རོ་ཡིས། །

སྙིང་ལ་དགེ་བའི་བདུད་རྩིའི་ཆར་འབེབ་ཅིང༌། །

སྐྱེས་བུའི་གྲགས་སྙན་ཀུན་ཏུ་ཁྱབ་བྱེད་རྟེན། །

སྙན་པར་སྒྲོགས་པ་གེ་སར་གསུང་ལས་སྤྲུལ། །

མི་མཆོག་ནོར་བུ་དགྲ་འདུལ་ཁྱེད་ལ་འབུལ། །

 

ཡེ་སྟོང་སྤྲོས་དང་བྲལ་བའི་ནམ་མཁའ་ལ། །

ཕྱི་ནང་སྣོད་བཅུད་བརྟན་གཡོ་སྲིད་པའི་ཁམས།

སྣ་ཚོགས་སྒྱུ་མ་མཐའ་ཡས་སྤྲོ་བསྡུའི་གར། །

བརྗོད་བྱའི་ཡུལ་ལས་འདས་པའི་རོལ་རྩེད་ངོམས། །

ལྷ་རྣམས་དགའ་བའི་བདུད་རྩི་འདོད་དགུར་འཇོ། །

མི་རྣམས་བདེ་སྡུག་རྣམ་མང་སྒྱུ་འཕྲུལ་མཐོང༌། །

ས་འོག་དམྱལ་བ་མི་བཟད་སྡུག་བསྔལ་མྱོང༌། །

མཁའ་སྤྱོད་ཞིང་གི་འཕགས་པ་རྟག་ཏུ་ཞི། །

དེ་སོགས་སྲིད་ཞི་རྣམ་མང་ཆོས་ཀྱི་ཚུལ། །

ཀ་དག་དགོངས་པ་ཆོས་སྐུའི་ཀློང་དུ་གཅིག །

རང་སེམས་རྣམ་པར་གཡོ་བའི་ཆོ་འཕྲུལ་ཏེ། །

མི་ཟད་རྟེན་འབྱུང་རིག་པའི་རླུང་ལས་འཕྲོས། །

ཁམས་གསུམ་རྣམ་པར་གྲུབ་པ་འབྱུང་བ་ལྔའི། །

འོད་ལྔའི་དྭངས་བཅུད་འབར་བའི་ཐིག་ལེ་ལས། །

མི་ཤིགས་རྡོ་རྗེ་གསང་བ་རླུང་རྟའི་ལྷ། །

དཔལ་ཡོན་ཀུན་གྱི་རྟེན་འབྱུང་གཞི་རུ་གྱུར། །

མི་འདའ་འགྱུར་མེད་མཁའ་དབྱིངས་བུམ་པ་རུ། །

རྣམ་མང་ལེགས་བྱས་སྒྱུ་འཕྲུལ་གཡོ་བའི་རྟེན། །

བསམ་པ་ཙམ་གྱིས་འདོད་དགུ་ལྷུན་གྲུབ་པ། །

རང་གདངས་སེང་ཆེན་མི་ཤིགས་ཐིག་ལེར་བཞེངས། །

ལེགས་པར་སྨོན་པའི་དཔལ་ཡོན་བཅུད་དུ་བཀུག །

འདོད་པའི་གནས་ལ་རྡོ་རྗེའི་རླུང་གིས་བགྲོད། །

སྲིད་ཞིའི་དཔལ་ལ་འདོད་དགུར་རོལ་མཛད་པ། །

མཚུངས་མེད་དབང་གི་སེང་ཆེན་གཡོ་བར་མཛོད། །

 

ཀ་དག་ལྷུན་གྲུབ་པདྨའི་རོལ་པ་ལས། །

སྒྱུ་འཕྲུལ་དགེ་བའི་བ་དན་སེང་ཆེན་རྗེས། །

ལྕགས་ལ་གསེར་འགྱུར་བཞིན་དུ་གང་བྱས་ལས། །

བཟང་པོར་འགྲོ་བ་སྙན་པའི་རྒྱལ་རྔ་སྒྲོགས། །

འདོད་འབྱུང་རྒྱལ་སྲིད་བདུན་དང་རྟགས་རྫས་བརྒྱད། །

ཉི་ཟླ་དཔག་བསམ་ཤིང་དང་འདོད་འཇོའི་བ། །

གཏེར་བུམ་བདུད་རྩི་ལ་སོགས་སྲིད་དང་ཞིའི། །

དཔལ་འབྱོར་རྣམས་ཀྱི་དངོས་པོའི་དགེ་མཚན་ལྟར། །

བཀྲ་ཤིས་ཕྱྭ་གཡང་ཀུན་གྱི་དཔལ་མཐའ་དག །

གཅིག་ཏུ་འདུས་པ་ཡིད་འོང་དགའ་བའི་གཏེར། །

སྐྱེ་དགུའི་སྙིང་ལ་འཇུག་པའི་ཡོན་ཏན་ནི། །

མི་ཟད་བསམ་འཕེལ་ཕན་བདེའི་གཏེར་གྱུར་མཛོད། །

མི་ནུབ་རྒྱལ་མཚན་ནོར་བུའི་ཏོག་མཐོ་ཞིང༌། །

སྲིད་པ་གསུམ་གྱི་གཙུག་ན་འབར་གྱུར་པ། །

ཁམས་གསུམ་དབང་བསྒྱུར་དགྲ་འདུལ་རྒྱལ་པོ་ཡི། །

ཕྱག་རྟགས་རྒྱལ་མཚན་སྲིད་རྩེར་བསྒྲེང་བར་མཛོད། །

 

འདི་ནི་ཤུགས་བསྟན་སྦས་དོན་གནད། །
ཟབ་ཅིང་གསང་བ་རྟེན་འབྱུང་གི །
གནད་འགག་ཆེ་བའི་མདོག་ལྔའི་དར། །
རླུང་རྟ་བྱས་ལ་དགྲ་བླ་བསང༌། །
ཚིག་འདི་བསྒྲགས་པར་གྱུར་པ་ན། །
རྨི་ལམ་རྟ་སྟག་འབྲུག་སོགས་ཞོན། །
བ་དན་རྙེད་ཅིང་རོལ་མོ་དཀྲོལ། །
ཕྱོགས་ལས་རྣམ་རྒྱལ་རི་མཐོར་འཛེགས། །
ཉི་ཟླ་ཤར་བ་ལ་སོགས་པ། །
རྣམ་པར་དགེ་བའི་མཚན་ལྟས་རྙེད། །
དངོས་ཉམས་རིག་པ་དྭངས་ཤིང་དགའ། །
དཔའ་བའི་ཉམས་རྒྱས་ཀུན་གྱིས་བཏུད། །
གང་བྱས་ལམ་དུ་འགྲོའོ་ཞེས། །
ཌཱ་ཀི་གཽ་རཱའི་ཞལ་ལས་ཐོས། །

དེང་སང་ཕལ་ཆེར་རླུང་རྟ་ཉམས། །
བཙུན་པའི་འདུལ་ཁྲིམས་ཞིག་པ་དང༌། །
སྨན་དཔྱད་རྩིས་ཀྱི་རྣོ་མྱུར་ཆུང༌། །
སྐྱེས་པ་མནའ་སྡིག་ཀུན་གྱིས་བརྙས། །
དེ་འདྲའི་ཕྱོགས་མང་འབྱུང་བ་དང༌། །
མ་ཉེས་དགྲས་འཚེ་བསམ་པ་ནི། །
ལོག་པར་གྱུར་བའི་དུས་འདི་ན། །
འདི་ལས་ཟབ་པ་མེད་དོ་བུ། །
རང་གི་ལག་ཏུ་ལོངས་དང་ཤེས། །

ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

འདི་བརྩམས་གང་བྱས་ལམ་དུ་འགྲོ །
སྙན་དང་གྲགས་པས་ཀུན་ཏུ་ཁྱབ། །
ལོག་པར་བྱས་ཀྱང་ལེགས་པར་འགྲོ །
ས་སྟེང་མི་ཡི་ནོར་བུའོ། །

 

འདི་ནི་སྔ་མོར་རིག་པའི་ཐིག་ལེར་གབ་ཡོད་པ། ཟླ་༣ཚེས་༡ལ་ཕབ་པ་རླུང་རྟའི་དར་བསྒྲོན་པའི་སྐབས་སུ་བཏོན་པས། ངེས་པར་ལས་བྱས་རྣོ་མྱུར་ཐོགས་མེད་དུ་འགྲོ་བར་དངོས་སུ་མཐོང་ཞིང༌། རྟེན་འབྱུང་ཤིན་ཏུ་དགེ་བ་བཀྲ་ཤིས་ལ་མི་ཟད་པ་སྙན་གྲགས་ཀུན་ཏུ་ཁྱབ་པའི་དཔལ་མངོན་དུ་མཐོང་བ། མི་བསླུ་བའི་འབྲས་བུ་དུས་ལས་མི་འདའ་བ་རྡོ་རྗེའི་དཔའ་བོའི་ཐ་ཚིག ཨྠིྀ། མངྒ་ལཾཿ

 

མི་ཕམ་རིན་པོ་ཆེ།

Gesar Series

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept