Khandro Nyingtik Lineage Prayer—Tibetan
༄༅། །མཁའ་འགྲོ་སྙིང་ཐིག་གི་བརྒྱུད་འདེབས།
ཨཱོྃ་ཨཱཿཧཱུྃ།
ཆོས་ཀུན་ཀ་ནས་དག་པ་ཡེ་ཤེས་ཀྱི། །
སྐུ་དང་ཡོན་ཏན་ལྷུན་གྲུབ་རྫོགས་པ་ཆེ། །
རང་རིག་འགྱུར་མེད་སྐུ་བཞིའི་ངོ་བོ་ཉིད། །
གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །
ཁྱབ་བདག་སྟོན་པ་ཀུན་བཟང་ཆོས་ཀྱི་སྐུ། །
དཀྱིལ་འཁོར་གཙོ་མཆོག་ལོངས་སྐུ་རྡོ་རྗེ་སེམས། །
སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེ་ལ། །
གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །
པཎ་གྲུབ་ཀུན་གྱི་གཙུག་རྒྱན་ཤྲཱི་སིང་། །
དུས་གསུམ་རྒྱལ་བ་ཀུན་དངོས་པདྨ་འབྱུང་། །
བདེ་ཆེན་མཁའ་འགྲོའི་གཙོ་མོ་མཁར་ཆེན་བཟའ། །
གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །
ཟབ་གཏེར་གདམས་པའི་སྒོ་འབྱེད་ལས་འབྲེལ་རྩལ། །
བཀའ་བབས་ཆོས་ཀྱི་བདག་པོ་ལེགས་ལྡན་པ། །
རང་བྱུང་ཆོས་ཀུན་མཁྱེན་པའི་རྡོ་རྗེ་འཛིན། །
གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །
སྡོམ་བརྩོན་མཁས་གྲུབ་དབང་པོ་གཡུང་སྟོན་པ། །
རོལ་པའི་རྡོ་རྗེ་ཆོས་རྡོར་ནམ་མཁའི་མཚན། །
ཚུལ་ཁྲིམས་འབུམ་དང་ཤཱི་ལ་དྷྭ་ཛའི་ཞབས། །
གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །
ཕྲིན་ལས་ཕུན་ཚོགས་ཡེ་ཤེས་རྒྱལ་མཚན་ཅན། །
སྤྱན་རས་གཟིགས་དབང་སེམས་དཔའ་ཆེན་པོ་དང་། །
རྫ་ཡིག་ཚུལ་རྒྱལ་བསོད་ནམས་རྣམ་པར་རྒྱལ། །
གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །
ཐུགས་སྲས་རྒྱལ་མཆོག་རྗེ་བཙུན་ཕྲིན་ལས་མཚན། །
རྣལ་འབྱོར་དབང་ཕྱུག་ཀུན་བཟང་དཔལ་འབྱོར་དང་། །
མཁས་གྲུབ་ཟླ་མེད་མདོ་སྔགས་བསྟན་འཛིན་བཟང་། །
གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །
གསང་བདག་དཔའ་བོ་ཕྲིན་ལས་ལྷུན་གྲུབ་ཞབས། །
སྐྱབས་གསུམ་ཀུན་འདུས་ངོ་བོ་རིག་པ་འཛིན། །
དྲིན་ཅན་བླ་མ་འགྱུར་མེད་རྡོ་རྗེ་ལ། །
གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །
ཡང་ལུགས་གཅིག་ནི།
གཡུང་སྟོན་གྱི་རྗེས་སུ།
ཡེ་ཤེས་བཟང་པོ་ཚུལ་ཁྲིམས་མགོན་པོ་དང་། །
མགོན་པོ་རྒྱལ་མཚན་རྒྱལ་སྲས་ཐུགས་མཆོག་རྩལ། །
གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །
ཉང་སྟོན་ཆོས་རྗེ་གནུབས་སྟོན་རིན་ཆེན་དཔལ། །
ནམ་མཁའ་ཤེས་རབ་པཎ་ཆེན་པདྨ་དབང་། །
ལེགས་ལྡན་རྡོ་རྗེ་དོན་རྒྱལ་རྣམ་གཉིས་ལ། །
གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །
ཚེ་རིང་དབང་པོ་རང་གྲོལ་ཀླུ་སྒྲུབ་མཚན། །
སེ་སྟོན་ཐུགས་མཆོག་འོད་འབར་རིག་པ་འཛིན། །
དྲིན་ཅན་བླ་མ་འགྱུར་མེད་རྡོ་རྗེ་ལ། །
གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།།
ཡང་ཀུན་མཁྱེན་ཆེན་པོ་ནས་བརྒྱུད་པ་ལྟར་ན།
ལས་འབྲེལ་གྱི་རྗེས་སུ།
ངེས་དོན་བསྟན་པའི་བདག་པོ་ཀློང་ཆེན་པ། །
བདེ་ལེགས་རྒྱ་མཚོ་བཀྲ་ཤིས་འབྱུང་གནས་ཞབས། །
གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །
གཞོན་ནུ་བློ་གྲོས་རབ་གསལ་ཟླ་བ་མགོན། །
མཁྱེན་རབ་དབང་ཕྱུག་པཎ་ཆེན་པདྨ་དབང་། །
སོགས་གོང་ལྟར་རོ། །
ཡང་ཏིག་གཙོ་ཆེ་བའི་བརྒྱུད་ལུགས་ལྟར་ན།
ཀུན་མཁྱེན་གྱི་རྗེས་སུ།
མཚུངས་མེད་ཡེ་ཤེས་རབ་འབྱམས་བསམ་གཏན་མཚན། །
གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །
སྦྱིན་པ་བཟང་པོ་སྤྲུལ་སྐུ་ཟབ་ལུང་པ། །
རྫོགས་ཆེན་རྣལ་འབྱོར་བསོད་ནམས་རིན་ཆེན་དང་། །
རྩེ་ལེ་རིག་འཛིན་བསོད་ནམས་རྣམ་པར་རྒྱལ། །
གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །
ཐུགས་སྲས་རྒྱལ་མཆོག་མན་སྔར་ལྟར་རོ། །
ཡང་ལུགས་གཅིག་ནི།
ཀུན་མཁྱེན་ཆེན་པོའི་རྗེས་སུ།
བདེ་ལེགས་རྒྱ་མཚོ་མཚུངས་མེད་ཡོན་ཏན་དཔལ། །
གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །
སངས་རྒྱས་རིན་ཆེན་སངས་རྒྱས་རྒྱལ་མཚན་དང་། །
རྫ་ཡིག་ཚུལ་རྒྱལ་བསོད་ནམས་རྣམ་པར་རྒྱལ། །
ཨོ་རྒྱན་བསྟན་འཛིན་ཀརྨ་གུ་རུའི་ཞབས། །
གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །
ཀུན་བཟང་དཔལ་འབྱོར་མདོ་སྔགས་བསྟན་འཛིན་བཟང་། །
གསང་བདག་ཆེན་པོ་ཕྲིན་ལས་ལྷུན་གྲུབ་དང་། །
དྲིན་ཅན་བླ་མ་འགྱུར་མེད་རྡོ་རྗེ་ལ། །
གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །
དེ་ལྟར་བརྒྱུད་ལུགས་གང་བྱེད་ཀྱང་མཐར། །
སངས་རྒྱས་ཀུན་གྱི་ཡེ་ཤེས་སྒྱུ་དྲྭའི་གར། །
ཐུན་མོང་འགྲོ་ལ་ཟབ་མོའི་ལམ་བཟང་རྣམས། །
གསལ་མཛད་ཚད་མེད་ཐུགས་རྗེའི་ཕྲིན་ལས་ཅན། །
རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །
དབྱིངས་རིག་དབྱེར་མེད་ཡེ་ཤེས་རྣམ་ལྔའི་རྩལ། །
ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ལྷར། །
ཡོངས་ཤར་དཔའ་བོ་མཁའ་འགྲོའི་ཚོགས་བཅས་པས། །
ཚད་མེད་ཐུགས་རྗེས་དགོངས་ནས་བྱིན་གྱིས་རློབས། །
དེང་ནས་མི་ཁོམ་གནས་སྤང་དལ་འབྱོར་རྟེན། །
ཡོངས་རྙེད་དགེ་བའི་བཤེས་ཀྱིས་རྗེས་གཟུང་སྟེ། །
ལམ་མིན་ལམ་ལྟར་བཅོས་པས་མི་འདྲིད་པར། །
ཡང་དག་ལམ་དུ་གེགས་མེད་འཇུག་པར་ཤོག །
མི་རྟག་འཆི་བས་རྒྱུད་བསྐུལ་ལས་འབྲས་ཚུལ། །
བསླུ་མེད་ཤེས་པས་སྲིད་བདེ་རྨི་ལམ་ལྟར། །
འཁྲུལ་པར་རྟོགས་ནས་ངེས་འབྱུང་བརྟན་པོ་ཡིས། །
རྣམ་གྲོལ་ཐར་པའི་ལམ་སྣ་ཟིན་པར་ཤོག །
ཐོག་མེད་དུས་ནས་དྲིན་གྱིས་རྗེས་བསྐྱངས་པའི། །
འགྲོ་དྲུག་ཕ་མར་ཤེས་པའི་སྙིང་རྗེ་དང་། །
གཞན་ཕན་བྱང་ཆུབ་སེམས་ཀྱི་ཕྲིན་ལས་ཀྱིས། །
ཕན་དང་བདེ་བའི་དཔལ་ལ་འགོད་པར་ཤོག །
ཟབ་ལམ་སྟོན་པའི་དྲིན་ཅན་བླ་མ་ལ། །
བཟོད་མེད་མོས་གུས་ལམ་དུ་ལོངས་པ་དང་། །
དབང་གི་ཆུ་བོས་བདག་རྒྱུད་ཡོངས་སྨིན་ནས། །
སྐུ་བཞིའི་འབྲས་བུ་མངོན་དུ་འགྱུར་བར་ཤོག །
གདོད་ནས་རང་གནས་སེམས་ཉིད་ཆོས་སྐུའི་གདངས། །
རྣམ་འགྱུར་ལྷ་སྔགས་ཡེ་ཤེས་རྣམ་རོལ་དུ། །
ཡོངས་གྲུབ་དག་པའི་སྣང་བ་འབྱམས་ཀླས་པའི། །
ཆོས་ཉིད་རྫོགས་པ་ཆེན་པོ་མངོན་གྱུར་ཤོག །
འཁོར་འདས་ཀ་དག་རང་སྣང་རིས་མེད་ཀྱི། །
གནས་ལུགས་ནང་གསལ་གཞོན་ནུ་བུམ་སྐུའི་གདངས། །
ལྷུན་གྲུབ་སྐུ་དང་ཞིང་ཁམས་ཚད་མེད་པའི། །
སྣང་བཞིའི་རྣལ་འབྱོར་མཐའ་རུ་ཕྱིན་པར་ཤོག །
དེ་ལས་ཀུན་ཁྱབ་རང་རིག་རྫོགས་སངས་རྒྱས། །
མངོན་པར་བྱང་ཆུབ་འཕོ་མེད་མཆོག་གི་སར། །
སྐུ་དང་ཡེ་ཤེས་ཡོན་ཏན་ཡོངས་རྫོགས་པའི། །
འབྲས་བུ་ཚེ་འདི་ཉིད་ལ་འགྲུབ་པར་ཤོག །
མདོར་ན་བདག་གི་སྒོ་གསུམ་བྱ་བ་ཀུན། །
བསྟན་དང་འགྲོ་བའི་ཕན་བདེའི་གཞིར་གྱུར་ནས། །
འོད་གསལ་རྫོགས་པ་ཆེན་པོའི་མྱུར་ལམ་ལས། །
ཀུན་བཟང་གདོད་མའི་ཞིང་དུ་འགོད་པར་ཤོག །
དབང་ལུང་གི་བརྒྱུད་པའི་རྣམ་གྲངས་གཞན་ཡང་ཡོད་མོད། དབང་ཁྲིད་ལུང་གསུམ་ཀའི་བརྒྱུད་ལུགས་གཙོ་ཆེ་བ་ནི་དེ་ཙམ་མོ། །
ཞེས་པའང་ཁྲིད་ཡིག་ཟབ་ལམ་གསལ་བྱེད་ཀྱི་ཆ་རྐྱེན་དུ་འགྱུར་མེད་རྡོ་རྗེས་བརྗོད་པའོ།། །།