Guru Jober Biography—Tibetan
༄༅། །ཆོས་བདག་གུ་རུ་ཇོ་འབེར་གྱི་རྣམ་ཐར་བཞུགས།
སྤྲིན་བྲལ་ནམ་མཁའི་ཀློང་ནས་ཐུགས་རྗེའི་ཉི་མ་ཤར། །མ་རིག་རྨོངས་པའི་ལིང་ཐོག་ཀུན་བསལ་ནས། །རྟག་ཆད་གཉིས་མེད་ངང་ནས་རིག་པ་འོད་དུ་འབར། །སྐལ་ལྡན་སངས་རྒྱས་ས་ལ་ཚེ་འདི་ཉིད་ལ་བཀོད། །ཆོས་བདག་གུ་རུ་ཉིད་ལ་གུས་པས་བསྟོད། །དེ་ལ་ཆོས་བདག་གུ་རུ་ཇོ་འབེར་གྱི་རྣམ་ཐར་མདོ་ཙམ་འདིའོ། །དེ་ལ་ཡབ་ནི་བླ་མ་མཁས་པ་ཉི་འབུམ་གྱི་གཅུང་པོ་ཟླ་བ་འབུམ་དང༌། ཡུམ་རྒྱལ་མོ་ཨ་ལུ་གཉིས་ཀྱི་སྲས་སུ་འཁྲུངས་ཏེ། དགུང་ལོ་བདུན་མན་ཆོད་ལྐུགས་པ་དང་འདྲ་བ་ཞིག་ཡོད། བདུན་ནས་ཤེས་རབ་ཐོགས་མེད་དུ་རལ་ཏེ་ཅི་ལ་ཡང་ཐོགས་རྡུགས་མེད་པ་ཞིག་བྱུང༌། དགུང་ལོ་བརྒྱད་ནས་བཅོ་བརྒྱད་ཀྱི་བར་ལ་ཨ་ཁུ་དྲིན་ཆེན་ཞང་ཉི་འབུམ་ལས་གསང་བ་བླ་མེད་ཀྱི་དབང་གདམས་ངག་དང་བཅས་པ་དང༌། རྒྱུད་རྣམས་མ་ལུས་པ་ཚར་བར་གསན་ནས་སྒྲ་ཐལ་འགྱུར་གྱི་བཤད་པ་བྱས། དགུང་ལོ་བཅུ་དགུ་ནས་ཉི་ཤུའི་བར་ལ་ཆོས་རྗེ་ས་སྐྱ་ལོ་ཙཱ་བ་ལས་རྒྱུད་གསུམ་གདམས་ངག་དང་བཅས་པ་དང༌། བདེ་མཆོག་མལ་གྱོ་ལུགས་གསན། དེ་ནས་དགེ་བཤེས་ཆུ་མིག་པ་ལས་ཚད་མ་བཏུས་པ་གསན། དགུང་ལོ་ཉི་ཤུ་རྩ་གཉིས་ལ་བླ་མ་ཁྲོ་ཕུ་བ་ལས་གྲུབ་ཐོབ་མི་ཏྲ་ཛྭ་ཀིའི་གདམས་པ་རྣམས་གསན། བལ་པོ་གྲགས་པ་འབུམ་མེ་ལས་ཕྱག་རྒྱ་ཆེན་པོ་ཁ་ཐོར་གྱི་གདམས་པ་གསན། ལར་ནི་ཐོས་བསམ་གྱི་ལས་ཚར་ཞིང་ཐུགས་ཐག་ཆོད་པ་དགུང་ལོ་སུམ་ཅུ་སོ་དྲུག་གི་བར་ལ་མཛད་དོ། །ཆོས་འབྲེལ་ཙམ་གྱི་བླ་མ་ཇོ་བོ་བཟང་ཞིང་ཆོས་ལ་མཁས་པ་མང་པོ་བརྟེན་པ་ལགས་སོ། །ལྷའི་ཞལ་གྱི་རྣམ་པ་ལ་ལྷའི་ཐང་སྐུ་འདི་ཀུན་དང་ལྡེར་ཚོ་དང་རག་སྐུ་མང་པོ་མཐོང་གསུངས་ནས་ཞལ་དུ་གསུང༌། འོན་ཀྱང་གསལ་བར་གསུངས་པ་ལ། ལྷ་ས་རུ་ཇོ་བོ་ལ་མར་མེ་འབུལ་དུ་ཕྱིན་ནས་གསོལ་བ་བཏབ་པས། ཇོ་བོའི་ཞལ་ནས་འཇའ་ཚོན་སྣ་ལྔས་བསྐོར་ནས་འདུག་པ་དེའི་གསེབ་ནས་ཕར་ལ་ཐིག་ལེ་བཞི་ལྔ་ཙམ་གྱི་ནང་ན་ཕྱག་ན་རྡོ་རྗེ་ཡབ་ཡུམ་དང་ཐུགས་རྗེ་ཆེན་པོའི་ཞལ་མཐོང༌། ཡང་ལན་གཅིག་ཐོ་རངས་ཁ་ལ་མགོན་པོ་ཚེ་དཔག་ཏུ་མེད་པ་ཞིག་འཇའ་ཚོན་དང་ཐིག་ལེ་ཤིག་ཤིག་པ་ཞིག་ཞལ་མཐོང༌། དེའི་ཡོན་ཏན་ཡིན་པ་འདྲ། ངེད་ཀྱང་ཚེ་རིང་རྒྱུད་ཁོ་ན་ཡང་མིན་ཏེ། ད་རང་ལེགས་པར་བྱུང༌། དེ་མིན་རང་བྱུང་སྒྲོན་མ་འོད་གསལ་གྱི་ངང་ཡིན་མོད། ངེད་རང་ཕ་སྤད་ཆོས་འདི་འདྲ་བ་ཡོད་པས་འཚེ་བ་མེད་གསུངས་ནས། སྐུ་འགྱུར་མེད་བདེ་ཆེན་གྱི་ངང་ལ་བཞུགས། གསུང་འགགས་མེད་ངེས་དོན་གྱི་ཆོས་གསུངས། ཐུགས་གསལ་སྟོང་མཐའ་བྲལ་དུ་བློ་བདེའོ། །ཡོས་ལོ་སྟོན་ཟླ་ར་བའི་ཉ་ལ་སྐུ་གཤེགས་ཏེ། ཞག་བདུན་དུ་འཇའི་དྲ་བར་འབྲེལ། རིང་བསྲེལ་དང་ཨཱཿཧཱུྃ་ལ་སོགས་པ་བྱོན་ནོ། །ཨེ་མ་ངོ་མཚར་རྨད་དུ་ཆེ་ཞིང་དར་རྒྱས་ཆོས། །རིགས་དྲུག་དག་ཏུ་སྐྱེ་བའི་རྒྱུན་བཅད་མི་ཚེ་འདིར། །འཁོར་འདས་གཉིས་ཀྱི་རེ་དོགས་བྲལ་བར་སྐད་ཅིག་མས། །ངེས་དོན་མཆོག་གི་བརྒྱུད་འཛིན་གུ་རུ་རིན་པོ་ཆེ། །མངའ་བདག་ཆེན་པོ་ཁྱོད་ཀྱིས་ཡེ་ཤེས་སྣང་བ་སྟོན། །རྫོགས་སོ།། །།