The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Constant Stream of Nectar—Tibetan

English | Español | བོད་ཡིག

༄༅། །གསོལ་འདེབས་བདུད་རྩིའི་ཆུ་རྒྱུན་བཞུགས་སོ། །

 

དངོས་གྲུབ་མ་ལུས་འབྱུང་བའི་གནས། །

བྱིན་རླབས་བདུད་རྩིའི་སྤྲིན་འཁྲིགས་པའི། །

བླ་མ་ཀུན་ལ་སྐྱབས་སུ་མཆི། །

ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ། །

 

རྣམ་དག་ཆོས་སྐུའི་ཕོ་བྲང་དུ། །

ཀུན་བཟང་ཡབ་ཡུམ་ལ་གསོལ་བ་འདེབས། །

གདོད་ནས་གཞི་རྩ་བྲལ་བ་ཡིས། །

སེམས་ཉིད་རྟོགས་པར་བྱིན་གྱིས་རློབས། །

 

འོད་གསལ་ལོངས་སྐུའི་ཕོ་བྲང་དུ། །

ཞི་ཁྲོ་རབ་འབྱམས་ལ་གསོལ་བ་འདེབས། །

ཡེ་ནས་སྟོང་གསལ་དག་པའི་སྐུ། །

ལྷུན་གྲུབ་རྟོགས་པར་བྱིན་གྱིས་རློབས། །

 

ཀུན་ཁྱབ་སྤྲུལ་སྐུའི་ཕོ་བྲང་དུ། །

རྡོ་རྗེ་འཆང་ལ་གསོལ་བ་འདེབས། །

འགགས་མེད་ཐུགས་རྗེ་རོལ་པ་ཡིས། །

གཞན་དོན་རྫོགས་པར་བྱིན་གྱིས་རློབས། །

 

གསལ་སྟོང་འོད་ལྔའི་ཕོ་བྲང་དུ། །

རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས། །

གསལ་སྣང་འོད་གསལ་ཞིང་ཁམས་དེ། །

མྱུར་དུ་འབྱོངས་པར་བྱིན་གྱིས་རློབས། །

 

ལྷུན་རྫོགས་བརྗོད་མེད་ཕོ་བྲང་དུ། །

ཕྱག་ན་རྡོ་རྗེ་ལ་གསོལ་བ་འདེབས། །

ཉོན་མོངས་བདུད་དཔུང་བར་ཆད་དང་། །

རྐྱེན་ངན་བཟློག་པར་བྱིན་གྱིས་རློབས། །

 

འདུ་འབྲལ་མེད་པའི་ཕོ་བྲང་དུ། །

དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས། །

གདོས་བཅས་སྒྱུ་ལུས་ཕུང་པོ་འདི། ། །

འོད་ལུས་དག་པར་བྱིན་གྱིས་རློབས། །

 

མུ་བཞི་གདལ་བའི་ཕོ་བྲང་དུ། །

འཇམ་དཔལ་བཤེས་གཉེན་ལ་གསོལ་བ་འདེབས། །

ཕྱི་ནང་གཟུང་འཛིན་རིག་པ་འདི། །

རང་སར་གྲོལ་བར་བྱིན་གྱིས་རློབས། །

 

བླང་དོར་མེད་པའི་ཕོ་བྲང་དུ། །

ཤྲཱི་སིང་ཧ་ལ་གསོལ་བ་འདེབས། །

གཏད་མེད་རང་ཤར་རིག་པ་འདི། །

འཛིན་མེད་ཆེན་པོར་བྱིན་གྱིས་རློབས། །

 

རང་གསལ་གདལ་བའི་ཕོ་བྲང་དུ། ། །

ཛྙཱ་ན་སཱུ་ཏྲ་ལ་གསོལ་བ་འདེབས། །

ཀུན་ཁྱབ་གཞི་རྫོགས་ལྟ་བ་ཉིད། །

མ་བཙལ་རང་རྫོགས་བྱིན་གྱིས་རློབས། །

 

མཁྱེན་རབ་ཡེ་ཤེས་ཕོ་བྲང་དུ། །

དྲི་མེད་བཤེས་གཉེན་ལ་གསོལ་བ་འདེབས། །

རང་བབས་ལྷུན་གྲུབ་བསྒོམ་པ་ཉིད། །

མ་བཙལ་རྫོགས་པར་བྱིན་གྱིས་རློབས། །

 

རང་བཞིན་དག་པའི་ཕོ་བྲང་དུ། །

ཏིང་འཛིན་བཟང་པོ་ལ་གསོལ་འདེབས། །

ཏིང་འཛིན་འོད་གསལ་ཉི་ཟླ་ཉིད། །

གསལ་འགྲིབ་མེད་པར་བྱིན་གྱིས་རློབས། །

 

ཚོགས་ཆེན་ཡོངས་རྫོགས་ཕོ་བྲང་དུ། །

ཆོས་རྒྱལ་མཆོག་ལ་གསོལ་བ་འདེབས། །

བསམ་རྫོགས་ཆོས་སྐུའི་རྒྱལ་སྲིད་ལ། །

འགྲོ་ཀུན་གནས་པར་བྱིན་གྱིས་རློབས། །

 

སྙིང་པོ་ལྷུན་འབྱམས་ཕོ་བྲང་དུ། །

ལྡང་མ་ལྷུན་རྒྱལ་ལ་གསོལ་བ་འདེབས། །

སྒྲིབ་བྲལ་ཅོག་བཞག་དགོངས་པ་ཉིད། །

ཡོངས་རྫོགས་ཆེན་པོར་བྱིན་གྱིས་རློབས། ། །

 

འོད་ལུས་དག་པའི་ཕོ་བྲང་དུ། །

སེང་གེ་དབང་ཕྱུག་ལ་གསོལ་བ་འདེབས། །

ལུས་སེམས་སྲིད་པའི་འཆིང་བ་ལས། །

ཚེ་འདིར་གྲོལ་བར་བྱིན་གྱིས་རློབས། །

 

གཞི་ཀློང་ཀུན་གྲོལ་ཕོ་བྲང་དུ། །

རྒྱལ་བ་ཞང་སྟོན་ལ་གསོལ་བ་འདེབས། །

གཉིས་འཛིན་འཁྲུལ་པའི་རི་བོ་འདི། །

རང་སར་ཞིག་པར་བྱིན་གྱིས་རློབས། །

 

སྣ་ཚོགས་ཡོན་ཏན་གྱི་ཕོ་བྲང་དུ། །

མཁས་པ་ཉི་འབུམ་ལ་གསོལ་འདེབས། །

ཚིག་དོན་ཆོས་ཀྱི་བདུད་རྩི་ཡིས། །

བདག་རྒྱུད་དག་པར་བྱིན་གྱིས་རློབས། །

 

གསལ་སྟོང་ཉི་ཟླའི་ཕོ་བྲང་དུ། །

གུ་རུ་ཇོ་འབེར་ལ་གསོལ་བ་འདེབས། །

འཆི་བ་རྗེས་དྲན་བསྐུལ་མ་ཡིས། །

དམ་ཆོས་འགྲུབ་པར་བྱིན་གྱིས་རློབས། །

 

གཟུང་འཛིན་རང་གྲོལ་གྱི་ཕོ་བྲང་དུ། །

འཁྲུལ་ཞིག་ཆེན་པོ་ལ་གསོལ་བ་འདེབས། །

སྣ་ཚོགས་འཁྲུལ་བའི་བག་ཆགས་སྤྲིན། །

རང་སར་དེངས་པར་བྱིན་གྱིས་རློབས། །

 

རྩོལ་བྲལ་ཉག་གཅིག་ཕོ་བྲང་དུ། །

ཟླ་བ་མུན་སེལ་ལ་གསོལ་འདེབས། །

བྱར་མེད་རང་བབས་གནས་ལུགས་ལ། །

རང་གནས་ཆེན་པོ་བྱིན་གྱིས་རློབས། །

 

རྟོགས་པ་ནམ་མཁའི་ཕོ་བྲང་དུ། །

ཀུ་མ་རཱ་ཛ་ལ་གསོལ་བ་འདེབས། །

ཕྱོགས་མེད་རི་ཁྲོད་དབེན་གནས་སུ། །

རང་ངོ་ཤེས་པར་བྱིན་གྱིས་རློབས། །

 

ཡེ་གྲོལ་ཆོས་ཉིད་ཕོ་བྲང་དུ། །

དྲི་མེད་འོད་ཟེར་ལ་གསོལ་བ་འདེབས། །

ཡངས་དོག་མེད་པའི་རིག་པ་འདི། །

ཕྱོགས་ལྷུང་བྲལ་བར་བྱིན་གྱིས་རློབས། །

 

རང་སེམས་དད་མོས་ཀྱི་ཕོ་བྲང་དུ། །

རྩ་བའི་བླ་མ་ལ་གསོལ་བ་འདེབས། །

བྱིན་རླབས་དངོས་གྲུབ་ཆུ་རྒྱུན་གྱིས། །

བདག་རྒྱུད་གང་བར་བྱིན་གྱིས་རློབས། ། །

 

ལུས་དག་པ་ལྷ་ཡི་ཕོ་བྲང་དུ། །

ཞི་ཁྲོ་རབ་འབྱམས་ལ་གསོལ་བ་འདེབས། །

རང་གདངས་འོད་ཀྱི་སྒྲོན་མེ་ཡིས། །

རང་གསལ་རྟོགས་པར་བྱིན་གྱིས་རློབས། །

 

ངག་དག་པ་སྔགས་ཀྱི་ཕོ་བྲང་དུ། །

རྩ་གནས་འཁོར་ལོ་ལ་གསོལ་བ་འདེབས། །

སྣ་ཚོགས་ཐེག་པའི་རང་སྒྲ་ཡིས། །

འགྲོ་དྲུག་སྨིན་པར་བྱིན་གྱིས་རློབས། །

 

སེམས་དག་པ་ཆོས་སྐུའི་ཕོ་བྲང་དུ། །

གཞི་རྫོགས་ཐུགས་ལ་གསོལ་བ་འདེབས། །

རང་བཞིན་ལྷུན་གྲུབ་ཀྱི་དགོངས་པ་དེ། །

ནང་ནས་འཆར་བར་བྱིན་གྱིས་རློབས། །

 

དེ་ལྟར་བླ་མའི་ཚོགས་རྣམས་ལ། །

སྒོ་གསུམ་དང་བས་ཕྱག་འཚལ་ལོ། །

མཆོད་པའི་སྤྲིན་གྱི་ཕུང་པོ་མཆོད། །

སྡིག་པའི་ཚོགས་ཀུན་རབ་བཤགས་ཏེ། །

དགེ་བ་ཀུན་ལ་རྗེས་ཡི་རང་། །

ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །

མྱ་ངན་མི་འདའ་རྟག་བཞུགས་ནས། །

ཐུགས་རྗེས་སྤྱན་གྱིས་དགོངས་སུ་གསོལ། །

 

ལས་ངན་སྡིག་སྒྲིབ་དག་པར་བྱིན་གྱིས་རློབས། །

རྐྱེན་ངན་གྲོགས་སུ་འཆར་བར་བྱིན་གྱིས་རློབས། །

འཁོར་བའི་ཞེན་པ་བཟློག་པར་བྱིན་གྱིས་རློབས། །

སྐྱོ་ཤས་གཏིང་ནས་སྐྱེ་བར་བྱིན་གྱིས་རློབས། །

ཅི་བསམ་ཆོས་སུ་འགྲུབ་པར་བྱིན་གྱིས་རློབས། །

ཆོས་ཕྱོགས་དཀའ་སྤྱད་ནུས་པར་བྱིན་གྱིས་རློབས། །

སྣང་བ་ཆོས་སྐུར་འཆར་བར་བྱིན་གྱིས་རློབས། །

ཆོས་ཉིད་ཟད་སར་འཁྱོལ་བར་བྱིན་གྱིས་རློབས། །

གཞན་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །

མཐོང་ཐོས་བདེ་ལ་འགོད་པར་བྱིན་གྱིས་རློབས། །

མདོར་ན་ཅི་བསམ་འགྲུབ་པར་བྱིན་གྱིས་རློབས། །

 

གསོལ་འདེབས་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ། དཔལ་ཀུ་མ་རཱ་ཛའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་གཏུགས་ཤིང་། ཐུགས་ཀྱིས་བཟུང་བའི་རྣལ་འབྱོར་པ་བྱར་མེད་ཀློང་ཡངས་ཀྱིས། མཆིམས་ཕུ་དཔལ་གྱི་ནགས་ཁྲོད། རང་བྱུང་པདྨའི་བཞུགས་གནས་སུ་སྦྱར་བ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ།། །།

 

ཀློང་ཆེན་རབ་འབྱམས།

ཀློང་ཆེན་རབ་འབྱམས།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept