Rain of Flowers—Tibetan
༄༅། །རིག་འཛིན་སྙིང་གི་ཐིག་ལེ་ལས༔ གཡང་འགུགས་མེ་ཏོག་ཆར་སིལ་བཞུགས་སོ༔
གཡང་འགུགས་མེ་ཏོག་འཇའ་འོད་འབར་བའི་ཆར་སིལ་མ་ནི༔ གཅེས་ཕྲུག་ཕོ་མོ་གཙང་མ་ཁྲུས་བྱས་རྒྱན་གྱིས་སྤྲས༔ མདའ་དར་ཁ་དོག་ལྔ་ལྡན་དང་བཀྲ་ཤིས་པའི་རིགས་དཔག་ཏུ་མེད་པ་ལག་ཏུ་ཐོགས་ལ༔ ཚེའི་དཀྱིལ་འཁོར་དུ་གནས་སྐབས་ཀྱི་བྱིན་འོད་གཡང་དཔལ་ཉམས་པ་སོགས་བཀྲ་མི་ཤིས་པ་ཟློག་པ་དང༔ བཀྲ་ཤིས་བྱིན་འོད་འཇིག་རྟེན་སྲིད་པའི་བཅུད་རྣམས་འགུགས་ཤིང་ཕུན་སུམ་ཚོགས་པའི་རྟེན་འབྲེལ་གང་བསྒྲིགས་ཀྱང་ཁྱད་པར་དུ་འཕགས་པའི་ཆོ་ག་ནི༔
ཧྲཱི༔ ཆོས་དབྱིངས་ཁྱབ་བརྡལ་ཡངས་པ་རྒྱལ་བའི་ཞིང༔
ཕྱོགས་དུས་རྒྱལ་བ་རྩ་གསུམ་རིག་པ་འཛིན༔
མཁའ་སྤྱོད་འཇའ་འོད་འཁྲུགས་པའི་གུར་ཁང་ནས༔
རིག་འཛིན་བླ་མས་བྱིན་རླབས་གཡང་ཁུག་ཅིག༔
འོག་མིན་རྡོ་རྗེ་དབྱིངས་ཀྱི་གཞལ་ཡས་ནས༔
ལོངས་སྤྱོད་རྫོགས་སྐུ་རྒྱལ་བ་རིགས་ལྔ་ལ༔
ཐེག་དགུའི་ཡི་དམ་ལྷ་ཡིས་བསྐོར་རྣམས་ཀྱིས༔
མཆོག་དང་ཐུན་མོང་དངོས་གྲུབ་གཡང་ཁུག་ཅིག༔
ཉི་ཤུ་རྩ་བཞིའི་གནས་ཡུལ་དུར་ཁྲོད་ནས༔
དཔའ་བོ་མཁའ་འགྲོ་ཆོས་སྲུང་རྒྱ་མཚོ་ལ༔
ལས་བྱེད་ཕོ་ཉའི་ཚོགས་ཀྱིས་བསྐོར་བ་ཡིས༔
ཕྲིན་ལས་རྣམ་བཞི་འགྲུབ་པའི་གཡང་ཁུག་ཅིག༔
སྟོང་གསུམ་མི་མཇེད་འཇིག་རྟེན་ཞིང་ཁམས་ནས༔
བསྟན་པའི་བདག་པོ་དུས་གསུམ་རྒྱལ་བ་དང༔
བསྟན་འཛིན་སྐྱེས་བུ་འགྲོ་བའི་དཔལ་མགོན་གྱིས༔
སངས་རྒྱས་བསྟན་པ་རྒྱས་པའི་གཡང་ཁུག་ཅིག༔
སྲིད་པའི་ལྷ་རབས་དགེ་བསྙེན་གཞི་བདག་དང༔
སྤར་སྨེ་ལོ་འགྲོས་བདག་པོ་འབྱུང་བ་འདིའི༔
ཕྱི་དང་ནང་དང་གསང་བའི་ལྷ་རྣམས་ཀྱིས༔
རང་རང་ལས་ལ་དབང་བའི་གཡང་ཁུག་ཅིག༔
ཕྱོགས་སྐྱོང་བཅུ་དང་འཇིགས་བྱེད་ཆེན་པོ་དགུ༔
ལྷ་ཀླུ་གཟའ་དང་རྒྱུ་སྐར་ཉེར་བརྒྱད་ལྷ༔
གཙང་རིས་དཔལ་མགོན་ཆེན་པོ་བདུན་ཅུ་ཡིས༔
སྟོབས་དང་གཟི་བརྗིད་རྒྱས་པའི་གཡང་ཁུག་ཅིག༔
ལོ་དང་ཟླ་བ་ཞག་དང་དུས་ཚོད་དང༔
རྟེན་འབྲེལ་ཚེས་ལ་དབང་བའི་ལྷ་རྣམས་དང༔
མཁར་གྱི་རྩེ་ལྷ་ཞིང་གི་ཚངས་པ་ཡིས༔
འབྲུ་ནོར་ལོངས་སྤྱོད་དཔལ་ཕུན་གཡང་ཁུག་ཅིག༔
གཡང་གི་བདག་པོ་ཨཱརྻ་ཛམྦྷ་ལ༔
རྒྱལ་ཆེན་རྣམ་ཐོས་སྲས་དང་གནོད་སྦྱིན་རིགས།
ཁམས་གསུམ་དབང་སྡུད་དབང་ཕྱུག་ཆེན་པོ་ཡིས༔
མཆོག་དང་ཐུན་མོང་དངོས་གྲུབ་གཡང་ཁུག་ཅིག༔
གཡང་གི་ལྷ་མོ་ནོར་རྒྱུན་དཔལ་ལྷ་མོ༔
གཡང་ཅན་ཚེ་རིང་མ་དང་བརྟན་མའི་ཚོགས༔
ཁམས་གསུམ་དབང་དུ་སྡུད་པའི་ཌཱ་ཀི་མས༔
བུ་ནོར་ལོངས་སྤྱོད་རྒྱས་པའི་གཡང་ཁུག་ཅིག༔
ངོ་མཚར་ལྷ་ཡི་མེ་ཏོག་སྤོས་སྤྲིན་དང༔
བཀྲ་ཤིས་རྫས་རྟགས་སྣང་སྲིད་རོལ་མོའི་སྒྲ༔
བུམ་པ་བཟང་དང་དཔག་བསམ་ཡིད་བཞིན་ནོར༔
སྲིད་པའི་ངོ་མཚར་དཔལ་གྱི་གཡང་ཁུག་ཅིག༔
ཕུན་ཚོགས་གཡང་རའི་དབུས་ན་འོད་འབར་བའི༔
གཡང་ཆང་ཚེ་རིལ་བདུད་རྩི་དཔལ་གྱི་བཤོས༔
རབ་འབྱམས་འཇའ་གུར་འཁྱིལ་བའི་ཟེར་ཕྲེང་སྦྲེལ༔
སྟོབས་ཕུན་མངའ་ཐང་རྒྱས་པའི་གཡང་ཁུག་ཅིག༔
གཡང་འདིས་སྒྲུབ་གནས་ཀུན་གྱི་བྱིན་འོད་ཕོབ༔
གཡང་འདིས་ཚེ་དཔལ་ཉམས་པ་ཡར་ལ་གསོས༔
གཡང་འདིས་རྒས་ཤིང་རྒུད་པ་མལ་ནས་སློངས༔
གཡང་འདིས་དབུལ་པོ་ཐམས་ཅད་ནོར་དང་སྤྲོད༔
གཡང་འདིས་འོན་ལོང་ཞ་བོའི་དབང་པོ་སྟོན༔
གཡང་འདིས་ཆག་ཆེ་ཉམ་ང་ཕྱིར་ལ་སྒྱུར༔
གཡང་འདིས་ཕོ་བྲང་དབུས་སུ་བྱིན་འོད་ཕོབ༔
གཡང་འདིས་ཁམས་གསུམ་སྲིད་གསུམ་དབང་དུ་སྡུས༔
གཡང་འདིས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་སྤྲོད༔
གཡང་འདིས་མཐུ་རྩལ་ནུས་པ་མེ་ལྟར་སྤོར༔
གཡང་འདིས་འཁོར་དང་ལོངས་སྤྱོད་དབུས་སུ་ཆུག༔
གཡང་འདིས་ཕ་རོལ་རྩོད་ལས་རྒྱལ་བར་མཛོད༔
གཡང་འདིས་བདག་ཅག་དཔོན་སློབ་མཐུན་ཞིང་འགྲོགས༔
གཡང་འདིས་ཉམས་ཆག་འགལ་འཁྲུལ་ཞིག་པ་གསོས༔
གཡང་འདིས་གྲིབ་དང་མི་གཙང་གཡེངས་ལས་སྐྱོབས༔
གཡང་འདིས་སྡེ་བརྒྱད་འབྱུང་པོའི་སྲུང་འཁོར་མཛོད༔
གཡང་འདིས་དངོས་གྲུབ་ཡར་བ་ཐམས་ཅད་ཁུག༔
གཡང་འདིས་སྙན་དང་གྲགས་པས་ས་སྟེང་ཁོངས༔
གཡང་འདིས་ངོ་མཚར་འབྲུག་སྒྲ་རྟག་ཏུ་སྒྲོགས༔
གཡང་འདིས་བྱས་ཚད་ཆོས་སུ་འགྲོ་བར་མཛོད༔
གཡང་འདིས་ཆོས་དང་རིགས་ཀྱི་བརྒྱུད་པ་སྤེལ༔
གཡང་འདིས་སྡེ་འདི་མི་གཡོ་བརྟན་པར་མཛོད༔
གཡང་འདིས་རང་བྱུང་རིག་པ་མ་དང་སྤྲོད༔
གཡང་འདིས་འཁོར་འདས་གཞི་ཟད་ས་ལ་སྐྱོལ༔
གཡང་འདིས་ཚེ་གཅིག་རྫོགས་སངས་རྒྱས་པར་མཛོད༔
གཡང་འདིས་ཁམས་གསུམ་འཁོར་བ་དོང་ནས་སྤྲུགས༔
གཡང་འདིས་འགྲོ་ཀུན་ཕྱིར་མི་ལྡོག་པར་མཛོད༔
གཡང་འདིས་འབྲེལ་ཚད་པདྨ་འོད་དུ་སྐྱོལ༔
ཅེས་ཐུན་དྲུག་ཏུ་ཚེ་གཡང་ཁ་སྤྲོད་འགུགས་པར་བྱའོ༔ ས་མ་ཡ༔
ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་རིག་འཛིན་སྲོག་སྒྲུབ་ཀྱི་ཆོས་སྡེ་འོ།། །།