The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Song of Prayer to Loter Wangpo—Tibetan

English | བོད་ཡིག

༄༅། །འཇམ་དབྱངས་བློ་གཏེར་དབང་པོ་ལ་གསོལ་བ་འདེབས་པའི་མགུར་དབྱངས།

 

སྐྱེ་མེད་ཆོས་དབྱིངས་ཀྱི་མཁའ་ལ། །

འགག་མེད་ཐུགས་རྗེ་ཡི་འོད་ཟེར། །

མ་རིག་མུན་སེལ་གྱི་ཉི་གཞོན། །

དྲིན་ཅན་བླ་མ་དེ་མཁྱེན་ནོ། །

 

ལྔ་བདོའི་འགྲོ་བ་ཡི་སྣང་ངོར། །

ཐ་མལ་ཟག་བཅས་ཀྱི་ཕུང་པོ། །

རང་ངོར་འཁྲུལ་ཟད་ཀྱི་རྣལ་འབྱོར། །

དྲིན་ཅན་བླ་མ་དེ་མཁྱེན་ནོ། །

 

ཚུལ་མཐོང་བྱིས་པ་ཡི་བློ་ངོར། །

འཇིག་རྟེན་མི་ལུས་སུ་སྣང་ཡང་། །

དགོངས་པ་སངས་རྒྱས་དང་མཉམ་པའི། །

དྲིན་ཅན་བླ་མ་དེ་མཁྱེན་ནོ། །

 

རྣམ་དག་ཚུལ་ཁྲིམས་ཀྱི་དམིགས་བུ། །

ཐེག་གསུམ་དམ་ཆོས་ཀྱི་འདྲེན་བྱེད། །

ཐར་པའི་ལམ་སྟོན་གྱི་བཤེས་གཉེན། །

དྲིན་ཅན་བླ་མ་དེ་མཁྱེན་ནོ། །

 

སྔོན་སྨོན་དུས་བབ་ཀྱི་སྟོན་པ། །

སྐལ་བཟང་སློབ་མ་ཡི་འདྲེན་མཆོག །

གསང་ཆེན་རྒྱུད་སྡེ་ཡི་མངའ་བདག །

དྲིན་ཅན་བླ་མ་དེ་མཁྱེན་ནོ། །

 

གསར་རྙིང་བཀའ་གཏེར་གྱི་དམ་ཆོས། །

ཀུན་གྱི་བདག་པོ་རུ་བཞུགས་པ། །

རྡོ་རྗེ་འཆང་དབང་གི་ཞལ་སྐྱིན། །

དྲིན་ཅན་བླ་མ་དེ་མཁྱེན་ནོ། །

 

སྨིན་བྱེད་དབང་བསྐུར་གྱི་བུམ་བཟང་། །

གྲོལ་བྱེད་མན་ངག་གི་དེད་དཔོན། །

དྲི་མེད་རྒྱལ་བསྟན་གྱི་སྲོག་ཤིང་། །

བློ་གཏེར་དབང་པོ་དེ་མཁྱེན་ནོ། །

 

ལེགས་བྱས་བསོད་ནམས་ཀྱི་རི་མོ། །

དོན་མཐུན་སྨོན་ལམ་གྱིས་བྲིས་བས། །

ཁྱོད་ཞལ་པདྨོ་ཡི་ཟེའུ་འབྲུ། །

མིག་གི་བདུད་རྩི་རུ་གྱུར་སོང་། །

 

འོད་གསལ་ཤར་ཕྱོགས་ཀྱི་ཐིག་ལེ། །

བསྟན་པའི་པད་ཚལ་དུ་ཆས་པས། །

འགོག་མེད་ཕྲིན་ལས་ཀྱི་སྣང་བས། །

ས་གསུམ་དགེ་ལེགས་རང་མཛོད་ཅིག །

 

དགོངས་པ་ཡེ་ཤེས་ཀྱི་ཀློང་ཆེན། །

མི་ཤིགས་འོད་ལྔ་ཡི་ཚོམ་བུ། །

འཕོ་མེད་རྡོ་རྗེ་ཡི་སྐུ་མཆོག །

རྡོ་རྗེའི་ཆོས་བདུན་དུ་ཤོག་ཅིག །

 

ཅེས་རྗེ་བླ་མ་འཇམ་དབྱངས་བློ་གཏེར་དབང་པོ་ལ་གསོལ་འདེབས་པའི་མགུར་དབྱངས་དོན་གཉེར་ཅན་གྱི་ངོར་གཞན་ཕན་སྣང་བས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།

 

མཁན་པོ་གཞན་ཕན་སྣང་བ།

འཇམ་དབྱངས་བློ་གཏེར་དབང་པོ།

Further information:

BDRC Author Profiles: P699 P560

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept