The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Samye Song—Tibetan

English | བོད་ཡིག

༄༅། །བསམ་ཡས་མཆིམས་ཕུར་ཆིབས་བསྐྱོད་མཛད་སྐབས།

ཀྱེ་ཧོ། གསོན་དང་ཡིད་གཅུགས་སྐལ་ལྡན་གྱི་མཆེད་པོ། །
འཁོར་འདས་མཉམ་ཉིད་རྟོགས་པའི་རྣལ་འབྱོར་གྱི་སྣང་ངོར། །
རང་བྱུང་པདྨ་རྒྱལ་པོ་སྟོན་འཁོར་གྱི་ཚོགས་རྣམས། །
ཞིང་ཁམས་གཞན་ནས་འཚོལ་བའི་དཀའ་ལས་ནི་མི་འདུག །

སྙིང་དབུས་ཟངས་མདོག་དཔལ་རིའི་ཕོ་བྲང་གི་དབུས་ནས། །
རིག་འཛིན་མ་ཚོགས་མཁའ་འགྲོའི་རང་ཞལ་དེ་མཇལ་བྱུང་། །
དེ་རིང་གནས་འདིར་སོན་པ་སྐལ་པ་རང་བཟང་སྟེ། །
དག་པའི་ལྷ་སྐུ་ཡིག་འབྲུ་ཞབས་རྗེས་སུ་བཏགས་པ། །

མ་དག་ས་རྡོ་བྱེ་མའི་སྣང་བ་ཞེས་སོ་སོར། །
བཟང་ངན་འབྱེད་པའི་སྤུ་རིས་བློ་ངོ་ན་མི་འདུག །
ཐམས་ཅད་དག་པ་རབ་འབྱམས་རྒྱལ་བ་ཡི་དཀྱིལ་འཁོར། །
འདི་ཀོ་མཐོང་བ་སྐལ་ལྡན་རེ་ཟུང་ཙམ་ལོས་ཡིན། །

སྔོན་ནས་མ་ཧཱ་གུ་རུའི་སྨོན་ལམ་གྱི་གཏད་རྒྱ། །
སྙིང་དབུས་གཞོན་ནུ་བུམ་སྐུའི་ཀློང་དཀྱིལ་དུ་སྦས་པ། །
རིག་སྟོང་ཆོས་སྐུའི་དགོངས་པའི་ལྡེ་མིག་གིས་ཕྱེས་ནས། །
ཆོས་ཕུང་བརྒྱད་ཁྲིའི་འགག་མདུད་དུས་གཅིག་ཏུ་གྲོལ་སོང་། །

འདིར་འཚོགས་སྐལ་ལྡན་དམ་ལྡན་སྐྱོ་བོ་ཡི་ཚོགས་རྣམས། །
རིང་མིན་རྔ་ཡབ་དཔལ་རིའི་ཕོ་བྲང་དུ་འཚོགས་ནས། །
རིག་འཛིན་མཁའ་འགྲོ་བྱེ་བའི་སྤྲིན་ཚོགས་ཀྱིས་བསྐོར་བའི། །
མ་ཧཱ་གུ་རུའི་རང་ཞལ་མཇལ་བ་རུ་སྨོན་ནོ། །

ཞེས་དཔལ་གྱི་བསམ་ཡས་མཆིམས་ཕུར་ཆིབས་བསྐྱོད་མཛད་སྐབས་བྲག་དམར་ཀེའུ་ཚང་གི་འགྲམ་ནས་ཛོ་ཀི་མང་པོས་མགྲིན་གཅིག་ཏུ་བཛྲ་གུ་རུའི་འཛབ་དབྱངས་བྱེར་བའི་རྐྱེན་གྱིས་ཉམས་འུར་ཏེ་དེ་དག་ལ་གླུ་ལན་གྱི་ཚུལ་དུ་ཆིབས་གོང་ནས་ཐོལ་བྱུང་དུ་གསུངས་པ་སྒྲ་ཕབ་འཁོར་ལོ་ལས་ཡི་གེར་ཕབ་པའོ།། །།

མཁན་ཆེན་འཇིགས་མེད་ཕུན་ཚོགས།

Samye Chimphu

This website uses cookies to collect anonymous usage statistics and enhance the user experience.
Decline
Accept