Khenpo Tsultrim Lodrö Praise—Tibetan
༄༅། །ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུས་མཁན་ཆེན་མཆོག་ལ་མངའ་གསོལ་གཟེངས་བསྟོད་གནང་བ།
རྣམ་དག་ཚུལ༵་ཁྲིམ༵ས་གཙང་མའི་ཡོན་ཏན་རྫོགས། །
གཞན་ཕན་བྱང་ཆུབ་སེམས་ཀྱི་བློ༵་གྲོས༵་རྒྱས། །
འཆད་རྩོད་རྩོམ་ལ་ཐོགས་མེད་གཉིས་པ་ཞེས། །
སྡེ་སྣོད་གསུམ་གྱི་བདག་པོར་མངའ་གསོལ་ལོ། །
སྔགས་རྒྱུད་སྤྱི་དང་ནང་རྒྱུད་ཡོ་ག་གསུམ། །
འཛིན་སྐྱོང་སྤེལ་ལ་གསང་བདག་གཉིས་པ་ཞེས། །
སྙན་པས་ས་གསུམ་ཁྱོན་ཀུན་ཡོངས་གང་བའི། །
རྒྱུད་སྡེ་རྒྱ་མཚོའི་བདག་པོར་མངའ་གསོལ་ལོ། །
དེ་ལྟར་བདག་གི་བསམ་པ་རྣམ་དག་གིས། །
མངའ་གསོལ་གཟེངས་བསྟོད་ཇི་བཞིན་སྨོན་པ་འདིར། །
དབྱིངས་ནས་གཟིགས་པའི་སྲས་བཅས་རྒྱལ་ཀུན་གྱིས། །
མཐུན་འགྱུར་བྱིན་རླབས་མཆོག་གི་དཔལ་སྩོལ་ཅིག །
ཅེས་པ་འདི་ནི་རབ་རྒྱན་ཤིང་ཕག་ལོའི (1995) ཆོ་འཕྲུལ་ཟླ་བའི་ཚེས་གསུམ་ཉིན་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་མཆོག་གིས་དུས་རབས་ཉེར་གཅིག་པའི་གངས་ཅན་པ་རྣམས་ལ་ཕུལ་བའི་སྙིང་གཏམ་སྤྲིན་གྱི་རོལ་མོ་ལྗགས་རྩོམ་གནང་བ་ཡོངས་སུ་མཇུག་གྲུབ་ཅིང་། འགྲོ་དོན་ནམ་མཁའ་དང་མཉམ་པའི་རྟེན་འབྲེལ་དུ་བླ་རུང་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་ཁོང་གི་མ་འདས་སྤྲུལ་སྐུ་ཞེས་པའི་མཚན་གསོལ་དང་ཁྲི་སྟོན་མཛད་སྐབས། མཁན་ཆེན་བླ་མ་ཚུལ་ཁྲིམས་བློ་གྲོས་མཆོག་ལ་མངའ་གསོལ་གཟེངས་བསྟོད་གནང་བ་དང་སྦྲགས་ཆོས་རྗེ་བླ་མ་ཉིད་ཀྱིས་ཐོལ་བྱུང་དུ་བསྩལ་པའི་གསུང་བྱིན་རླབས་ཅན་ཞིག་གོ །