The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Sound of the Divine Drum—Tibetan

English | Français | 中文 | བོད་ཡིག

༄༅། །རྣམ་པར་རྒྱལ་བའི་དུས་གཏམ་ལྷའི་རྔ་སྒྲ་བཞུགས་སོ། །

 

སྙིང་འདབ་བརྒྱད་པདྨའི་ཟེའུ་འབྲུ་ལ། །

མགོན་རྒྱལ་ཀུན་ཡེ་ཤེས་གཅིག་འདུས་སྐུ། །

རྗེ་འཇམ་དཔལ་གཞོན་ནུ་རྟག་བཞུགས་ནས། །

གཏམ་སྨྲས་ཚད་འགྲོ་ལ་སྨན་པར་མཛོད། །

 

ལམ་ཡང་ཟབ་འོད་གསལ་སྙིང་པོ་ཡི། །

ཚིག་ཐོས་པས་སྲིད་རྩ་ཧྲུལ་པོར་བྱེད། །

གནད་བསྒོམས་ན་ཟླ་བ་དྲུག་གིས་གྲོལ། །

འདི་ཁོ་ན་སྙིང་གི་དཔལ་བེའུར་སྟིམས། །

 

དོན་འདི་དང་འཕྲད་པའི་སྐལ་བཟང་ཚོ། །

སྔོན་བསྐལ་མང་ཚོགས་བསགས་ལག་རྗེས་ཏེ། །

དཔལ་ཀུན་ཏུ་བཟང་དང་སྐལ་བ་མཉམ། །

ཐུགས་དགའ་བར་གྱིས་ཤིག་སྙིང་གྲོགས་རྣམས། །

 

གནས་འཇིགས་རུང་འཁོར་བའི་སེམས་ཅན་རྣམས། །

གཏན་བདེ་ཡི་ས་ལ་དབུགས་དབྱུང་ཕྱིར། །

གཞན་ཕན་གྱི་བསམ་སྤྱོད་ཁུར་དུ་བཞེས། །

རང་གཅེས་འཛིན་ཧ་ལའི་ཟས་བཞིན་དོར། །

 

དམན་ངན་འགྲོའི་སྒོ་འཕར་འདི་ཡིས་འགོག །

གོང་མཐོ་རིས་བདེ་དཔལ་འདི་ཡིས་འདྲེན། །

མཐར་ཐར་པའི་སྐམ་སར་འདི་ཡིས་ཕྱིན། །

བློ་མ་མང་ཉམས་བཞེས་འདི་ལ་མཛོད། །

 

ཡུལ་འཁོར་བའི་ཕུན་ཚོགས་མཐའ་དག་ལ། །

ཡིད་སྨོན་པའི་བསམ་པ་ལྷོད་པོའི་ངང་། །

མཐོ་ལྷར་བཅས་འགྲོ་བའི་མཆོད་སྡོང་མཆོག །

ཆོས་འདུལ་ཁྲིམས་རྒྱན་གྱི་མཆོག་ཏུ་ཟུངས། །

 

སྤྱིར་མངོན་མཐོ་ངེས་ལེགས་མཐའ་དག་གི །

བདེ་དཔལ་ཀུན་འདི་ལ་བརྟེན་ནས་འབྱུང་། །

འདི་ཉམས་ན་ངན་འགྲོ་མཐའ་མེད་འཁྱམ། །

རང་མགོ་བོ་མ་འཁོར་བླང་དོར་མཛོད། །

 

དུས་ཀུན་ཏུ་བསམ་སྤྱོད་གྲོགས་དང་བསྟུན། །

རྒྱུད་དྲང་ཞིང་བསམ་པ་དཀར་ལ་བརྩོན། །

ཕུགས་རང་དོན་རྒྱ་ཆེར་བསྒྲུབ་འདོད་ཀྱང་། །

ཚུལ་གཞན་ཕན་བྱེད་པ་མན་ངག་ཡིན། །

 

དོན་འདི་ལ་མི་ཆོས་གཙང་མ་ཟེར། །

མགོན་དུས་གསུམ་རྒྱལ་བའི་ཐབས་མཁས་ལམ། །

ཆོས་བསྡུ་དངོས་བཞི་ཡི་སྙིང་ཁུ་ཡིན། །

འདི་མ་བརྗེད་མ་བརྗེད་སློབ་ཚོགས་རྣམས། །

 

གཏམ་འདི་སྨྲས་དགེ་བས་འགྲོ་བ་ཀུན། །

གནས་འཁོར་བའི་གཡང་ས་ལས་སྒྲོལ་ཞིང་། །

བུ་སྐལ་ལྡན་དགའ་བའི་གསོས་སུ་གྱུར། །

ནུབ་བདེ་ལྡན་ཞིང་དུ་སྐྱེ་བར་ཤོག །

 

ཅེས་པ་འདི་ནི་རབ་བྱུང ༡༧ པའི་མེ་བྱི་ཟླ ༨ ཚེས ༩ ལ་བདག་ཅག་དཔོན་སློབ་ཕྱི་ནང་གསང་གསུམ་གྱི་མི་མཐུན་པའི་གཡུལ་ལས་རྒྱལ་བའི་དགའ་སྟོན་གྱི་དུས་སུ་དགེ་འདུན་པ་སྟོང་ཕྲག་ལྔ་ལ་ཉེ་བ་ཙམ་གྱི་དབུས་སུ་ངག་དབང་བློ་གྲོས་མཚུངས་མེད་པས་གཅོས་གཏམ་གླུ་རུ་བླངས་བ་དགེའོ། །

 

མཁན་ཆེན་འཇིགས་མེད་ཕུན་ཚོགས།

མཁན་ཆེན་འཇིགས་མེད་ཕུན་ཚོགས།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept