The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

An Exhortation—Tibetan

English | Français | བོད་ཡིག

༄༅། །མཁན་མོ་རིག་འཛིན་ཆོས་སྒྲོན་གྱིས་བོད་མི་ཡོངས་ལ་རེ་སྐུལ་ཐེངས་གཅིག

བཟོད་དཀའ་འཁོར་བའི་སྡུག་བསྔལ་མཐའ་དག་ཀུན། །
ཀུན་བཅོམ་མྱུར་སྐྱོབ་རྒྱལ་ཀུན་ཕྲིན་ལས་ལྷ། །
ལྷ་མོ་སྐྱོན་བརྒྱད་བྲལ་བ་འགྲོ་བའི་མིག །
མ་ཁྱེད་བདག་གིས་ཚེ་རབས་སྤྱི་བོར་བསྙེན། །

ཕྱི་ནང་ཡིད་འོང་འདོད་པའི་ཡུལ་རྣམས་ལ། །
ཡིད་སྨོན་དྲག་པོའི་བསམ་པ་མ་ལྷོད་ན། །
བློ་ཆུང་སེམས་ལ་བདེ་དུས་མི་འོང་བས། །
འདོད་པ་ཆུང་བ་ཁོ་མོའི་རེ་སྐུལ་ཡིན། །

རང་གིས་མ་སྟེར་གཞན་དག་རང་ཉིད་ཀྱིས། །
བསོད་ནམ་འབད་རྩོལ་ལས་བྱུང་ཕུན་ཚོགས་ལ། །
མི་བཟོད་བསམ་པ་རང་ཉིད་ཕུང་བའི་རྒྱུ། །
ཕྲག་དོག་སྤང་བ་ཁོ་མོའི་རེ་སྐུལ་ཡིན། །

སྙིང་པོ་མེད་པའི་དཔལ་དང་འབྱོར་པ་ཀུན། །
མཆོད་སྦྱིན་མ་ནུས་ཞེན་པས་འཛིན་གྱུར་ཀྱང་། །
རང་དབང་མི་འགྱུར་སྡུག་བསྔལ་འཕེལ་བའི་རྒྱུ། །
སེར་སྣ་སྤོང་བ་ཁོ་མོའི་རེ་སྐུལ་ཡིན། །

ངང་བཟང་ལ་སོགས་མི་གཞིའི་ཡོན་ཏན་དང་། །
གནས་ལྔ་རིག་པའི་ཤེས་ཡོན་མི་ལྡན་པར། །
ཅུང་ཟད་ཡོན་ཏན་བསམ་ནས་རྒྱུད་སྦོས་པའི། །
ང་རྒྱལ་སྤོང་བ་ཁོ་མོའི་རེ་སྐུལ་ཡིན། །

ཆུང་ནས་དྲིན་གྱིས་བསྐྱངས་པའི་ཕ་མ་དང་། །
ན་ཚོད་རྒས་པའི་སྐྱེ་བོ་ཕོ་མོ་ལ། །
ཡ་རབས་གུས་བཀུར་སྲོལ་བཟང་མ་བསྣུབ་པར། །
རྒན་ལ་གུས་པ་ཁོ་མོའི་རེ་སྐུལ་ཡིན། །

ཡིད་བརྟན་མི་རུང་ཁྲེལ་དང་ངོ་ཚ་བྲལ། །
ཡ་རབས་སྤྱོད་ཉམས་རང་ལུས་བརྫད་པ་སོགས། །
ཚུལ་མིན་ངན་སྤྱོད་སྣ་དགུ་ཡོངས་སྤངས་ནས། །
ཁྱོ་བོར་གུས་པ་ཁོ་མོའི་རེ་སྐུལ་ཡིན། །

རང་གི་ལུས་ལས་ཆད་པའི་བུ་རྒྱུད་ལ། །
ཤེས་ཡོན་ནོར་གྱི་གཅེས་ཀ་སྟེར་དགོས་པས། །
སྒོ་ཟོག་བཞིན་དུ་མ་དོར་ཤེས་ཡོན་སློན། །
བུ་ཕྲུག་བྱམས་པ་ཁོ་མོའི་རེ་སྐུལ་ཡིན། །

བག་མེད་པས་ནི་བླང་དོར་གནས་ཀུན་འཆོལ། །
གཞན་གྱི་སྣང་ངོར་མི་མཛའ་སྨྱོན་པའི་ཚུལ། །
ཉེས་པའི་འབྱུང་སྒོ་རང་ཚུགས་ཤོར་བའི་རྒྱུ། །
བག་མེད་སྤང་བ་ཁོ་མོའི་རེ་སྐུལ་ཡིན། །

མཁན་མོ་རིག་འཛིན་ཆོས་སྒྲོན།

མཁན་མོ་རིག་འཛིན་ཆོས་སྒྲོན།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept