Like the Sweet Sound of an Echo—Tibetan
༄༅། །ཞལ་གདམས་བྲག་ཆའི་སྒྲ་སྙན་བཞིན།
རྒྱལ་ཀུན་གསུང་གི་དབང་ཕྱུག་འོད་དཔག་མེད། །
རྨད་བྱུང་མཛད་པ་གང་གིས་ཟླ་མེད་པ། །
གངས་ཅན་བསྟན་པའི་ཐོག་མར་སྲོལ་འབྱེད་པ། །
བཀའ་དྲིན་མཚུངས་མེད་མཚོ་སྐྱེས་རྡོ་རྗེར་འདུད། །
ཉིད་ནས་རྗེས་བརྩེས་ཁྱབ་པའི་ཡི་གེ་དང༌། །
རིན་ཆེན་གཉིས་པའི་དོང་ཚེ་རྟེན་བཅས་དང༌། །
བླང་དོར་བསླབ་སྟོན་བརྩེ་བས་འདོམས་པ་ཡི། །
མིག་གི་ལམ་དུ་བསྟར་བ་ཡིད་སྤྲོ་བརྟས། །
ངས་ཀྱང་འདི་ནས་བཤེས་གཉེན་དམ་པ་བརྟེན། །
ཐོས་བསམ་བརྩོན་པ་ཚུལ་བཞིན་ཡིན་སྙམ་ཀྱང༌། །
རང་བློ་ནུས་པས་སྔ་འགྱུར་ཐེག་པའི་གཞུང༌། །
ཤིན་ཏུ་ཟབ་ཅིང་བརླིང་བས་ཚུལ་བཞིན་དུ། །
རྟོགས་པ་དཀའ་ནའང་ཅུང་ཟད་ངེས་པ་ཞུ། །
ཕལ་པོ་ཆེ་ལས་གཞོན་ནུ་ནོར་བཟང་གི །
དགེ་བའི་བཤེས་གཉེན་བྱམས་པ་བརྟེན་པའི་ཚུལ། །
རང་གི་ཡིད་ལ་ཡང་ཡང་ཅི་ངེས་ཀྱིས། །
ཉམས་སུ་བླངས་པས་ཡིད་ཚིམ་བགྱིད་ན་སྙམ། །
སྔ་འགྱུར་མཚོ་སྐྱེས་རྡོ་རྗེའི་རང་ལུགས་ལ། །
རྨད་བྱུང་ཟ་ཧོར་མཁན་པོའི་སྤྱོད་པ་དང༌། །
མཚུངས་མེད་དཔལ་ལྡན་ཀླུ་ཡི་ལྟ་བ་གཉིས། །
ཟུང་འབྲེལ་བརྒྱུད་པའི་བཀའ་སྲོལ་ཕྱག་རྒྱས་བཏབ། །
འདི་ལ་གོ་བ་རྣལ་མ་ཆགས་ཙམ་ལགས། །
ཐོས་པ་ཆུང་བས་འདུལ་བའི་གནང་བཀག་གི །
མཚམས་རྣམས་ཞིབ་མོར་ངེས་པ་མ་འཚལ་ཀྱང༌། །
ལས་འབྲས་བསླུ་མེད་ངེས་པའི་ཡིད་ཆེས་ཀྱིས། །
གཞན་གནོད་གཞི་བཅས་སྤང་བའི་སེམས་པ་ལ། །
སོ་སོར་ཐར་བའི་འགགས་ཀུན་ཚང་ན་སྙམ། །
བསྟན་རྩ་འདུལ་བ་ཡིན་པའི་ཁ་རྒྱུག་ཙམ། །
ཁ་ལ་བཏགས་བཞིན་མི་གསོད་རྟ་བསྒྲིལ་ཞིང༌། །
མི་ཚེ་ཚོང་དང་ངག་འཁྱལ་གཏམ་ལ་གཡེངས། །
དེ་འདྲའི་ལན་མོ་བདག་གི་ཡིད་ལ་མེད། །
སྟོང་པ་ཆོས་ཉིད་སྤྲོས་དང་བྲལ་བ་དང༌། །
སྣང་བ་རྟེན་འབྱུང་བསླུ་བ་མེད་པ་གཉིས། །
འགལ་མེད་གཅིག་གི་གྲོགས་སུ་གཅིག་འགྲོ་བ། །
སྔ་འགྱུར་གྲུབ་མཐའི་སྙིང་པོ་ལེགས་པར་མཐོང༌། །
འདུས་བྱས་དགེ་དང་འདུས་མ་བྱས་དགེ་བ། །
ཕན་ཚུན་འགལ་མེད་སྟོང་དང་རྟེན་འབྱུང་དུ། །
དབྱེར་མེད་མཉམ་པས་རེས་འཇོག་མེད་པ་འཚལ། །
འདུས་བྱས་དགེ་བ་སུ་ཡི་འགེགས་པ་མེད། །
ཀླུ་ཡི་སློབ་མ་དཔལ་ལྡན་ཟླ་བས་ཀྱང༌། །
སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང༌། །
བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །
གསུངས་པའི་རྒྱུ་མཚན་གནས་ལ་སུ་ཡིས་འགོངས། །
དགག་བྱའི་སྣང་ཚུལ་ཅི་བཞིན་ངེས་པ་ན། །
མཐའ་བྲལ་ལྟ་བ་ཇི་བཞིན་གཟིགས་པ་ཡི། །
རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་ཀྱིས། །
གྲུབ་མཐའ་རིན་པོ་ཆེ་ནས་བདེན་གྲུབ་བཞེད། །
ངལ་གསོ་ལས་ཀྱང་དེ་བཞིན་འདི་སྐད་དུ། །
སྣང་བས་མི་འཆིང་དེ་ལ་ཞེན་པས་འཆིང༌། །
སྣང་བའི་བདེན་ཞེན་གཅོད་པ་དབུ་མའི་ལམ། །
བདེན་པ་གཅིག་དང་དུ་མ་བྲལ་བ་ཡི། །
ངེས་པ་རྙེད་པ་དབུ་མའི་ལྟ་བར་གསུངས། །
ཐལ་རང་གཉིས་པོ་དགག་བྱའི་ངོས་འཛིན་དང༌། །
ཐ་སྙད་འཇོག་མཚམས་ཕྲ་རགས་ཡོད་པ་ཙམ། །
གྲུབ་མཐའ་ཀུན་ལ་རླུང་ལྟར་གྲགས་ན་ཡང༌། །
དེ་འདྲའི་རྗེས་ཟློས་ཙམ་གྱིས་ཅི་ཞིག་རུང༌། །
ཐ་སྙད་འཇོག་མཚམས་ཐ་སྙད་ཚད་མ་འདི། །
མཐོ་དམན་ཐེག་པའི་རང་ལུགས་མང་མོད་ཀྱང༌། །
གཅིག་པོ་འདི་ལས་གཞན་དག་འཁྲུལ་པ་རྒྱུ། །
སྒྲུབ་ན་ལོག་པར་ལྟུང་བར་མི་འགྱུར་རམ། །
ཐབས་ལམ་ཙམ་ལ་བསྔགས་པའི་ཨེ་ཝཾ་ལམ། །
སྟོང་འུར་ཆེ་ཡང་ཇི་བཞིན་སྤྱོད་པ་ཉུང༌། །
དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པའི་ལམ། །
ཇི་བཞིན་ངེས་ཀྱང་གསང་བ་སྒྲོགས་པས་དོགས། །
མདོ་སྔགས་བསྟན་པ་འགལ་མེད་རྟོགས་པའི་གཞུང༌། །
ཡིད་བཞིན་རིན་ཆེན་མཛོད་ཀྱིས་གཞུང་ཆེན་པོ། །
རྒྱལ་བའི་དགོངས་པ་བདེ་བླག་འཁྲོལ་བྱེད་ནས། །
གང་ཟག་གཅིག་གི་ལམ་རིམ་ཚང་བར་སྟོན། །
འགལ་འདུའི་རིགས་པ་ལྟར་སྣང་བཅོས་མར་གོ །
འདི་འདྲའི་མཆིད་ཞུས་ཉམས་མཚར་ཙམ་དུ་ཕུལ། །
རང་གཞན་གྲུབ་མཐའི་ཆགས་སྡང་བདག་ལ་མེད། །
ཚིག་གི་རྩོད་པ་བྱིས་པའི་རྣམ་ཐར་ལགས། །
བྲག་ཆའི་སྒྲ་སྙན་བཞིན་ཏུ་གུས་པས་ཕུལ།། །།