The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Counsel of a Degenerate Dharma Pretender—Tibetan

English | བོད་ཡིག

༄༅། །གདམས་པ་སྙིགས་མའི་ཆོས་གཟུགས། །

ཨེ་ཧོ་ཧོ་སྙིགས་མའི་ཆོས་གཟུགས་ང་། །
ཆོས་བརྒྱད་ཀྱིས་མགོ་བོ་བསྐོར་བསྐོར་ནས། །
བྱང་ཆུབ་ཀྱི་ལམ་ལ་ཡིད་རེ་རྨོངས། །
ཕྱིན་དྲུག་གི་ཉམས་ལེན་ལྷོད་པོར་སོང་། །
ཕ་ཐུགས་རྗེས་གཟིགས་ཤིག་རིན་པོ་ཆེ། །
བུ་ད་དུང་འཁྲུལ་པའི་དབང་དུ་ཤོར། །

ཆོས་རྗོགས་པ་ཆེན་པོ་གོ་ཡུལ་ལུས། །
ལམ་ཉམས་ལེན་ཟབ་མོ་རྒྱང་དུ་དོར། །
ཚེ་འདི་ཡི་སྣང་ཤས་དང་དུ་བླང༌། །
ལམ་ལོག་པ་བདག་ལ་བརྩེ་བས་དགོངས། །

ང་ཀུན་མཁྱེན་བརྒྱུད་པའི་གྲྭར་སྐྱེས་ཀྱང༌། །
རྒྱུད་དམ་པའི་ཆོས་དང་མཐུན་པ་ཉུང༌། །
ང་བསམ་ཞིང་རང་ལ་སྐྱོ་བ་འཕེལ། །
སེམས་སྐྱོ་བའི་སྙིང་རླུང་གཏིང་ནས་ལངས། །
ཚེ་འདི་ཡི་སྣང་ཤེས་སྐྱུར་སྙིང་འདོད། །
བཟང་འདོད་ཀྱི་འགོང་པོ་བཀར་སྙིང་འདོད། །

གྲགས་འདོད་ཀྱི་བཟང་བརྫུ་འདིས་སུ་ལ་ཕན། །
སེམས་ཆོས་དང་མཐུན་པར་བྱིན་གྱིས་རློབས། །
ཕ་ཐུགས་རྗེ་ཅན་གྱི་དགོངས་མཛོད་དང༌། །
བུ་རྟུལ་བའི་སྣང་ཚུལ་འདི་འདྲ་ལགས། །

གནས་དབེན་པ་ཞིག་ལ་ནམ་ཕྱིན་སྙམ། །
འཁོར་སློབ་མའི་འཆིང་ཐག་བཅད་སྙིང་འདོད། །
ཆོས་ཡིན་ལོ་འདི་འཁྲུལ་པ་ཆེ་ཤོས་གོ །
དགོན་གོག་པོ་འདི་བདུད་ཀྱི་ཞགས་པར་ཤེས། །
ངས་བྱས་ཚད་འདི་འཁོར་བའི་སྣོན་མར་གདའ། །

བུའི་བསམ་བློ་འདི་འགྲུབ་པ་བླ་མས་མཁྱེན། །
བར་ཆད་མེད་པ་ཞིག་ཁྱེད་ལ་རེ། །
གེགས་མེད་དུ་འགྲུབ་པའི་མཐུན་འགྱུར་ཞུ། །
རི་ཤྭ་རླུང་ཁྱེར་བཞིན་དུ་བཀྲ་ཤིས་ཤོག ། །།

མཁན་ཆེན་ངག་དབང་དཔལ་བཟང་།

མཁན་ཆེན་ངག་དབང་དཔལ་བཟང་།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept