Counsel to Jampa Tsultrim—Tibetan
༄༅། །བྱམས་པ་ཚུལ་ཁྲིམས་ལ་གདམས་པ། །
ན་མོ་གུ་རུ་བི་མ་ལ་མི་དྲ་ཡེ། །
ཆོས་སྙིང་ནས་སྒྲུབ་པའི་བུ་ཁྱོད་ལ། །
དོན་སྙིང་ནས་བསམ་ཏེ་གྲོས་ཅིག་འདེབས། །
འདི་སྙིང་པོ་ལགས་པས་ཡིད་ལ་ཟུངས། །
ཆོས་སྙིང་པོ་རྫོགས་པ་ཆེན་པོ་དེ། །
བློ་སེམས་ལས་འདས་པའི་ཡེ་ཤེས་ལགས། །
ཐུན་མོང༌བ་བྱུང་གནས་འགྲོ་གསུམ་བརྟགས། །
འཁོར་འདས་ཀྱི་ཆོས་རྣམས་གདོད་མ་ནས། །
གཞི་རྩ་དང་བྲལ་བའི་སྟོང་པའི་ངང་། །
འགགས་མེད་ཀྱི་རོལ་པ་ཅི་ཡང་འཆར། །
གཏད་མེད་ཀྱི་སྣང་བ་ངོས་བཟུང་བྲལ། །
བདེན་མེད་སྒྱུ་མའི་རོལ་པ་ཤར། །
ཐོག་མེད་ཀྱི་བདེན་ཞེན་ཞིག་པ་ལ། །
འདི་ཉིད་ལས་གཞན་པའི་ཟབ་མོ་དཀའ། །
ལས་དང་པོའི་དུས་ན་འདི་ཉིད་སྒོམས། །
དེ་བས་ཅུང་ཟད་གོམས་པའི་དུས། །
ཐ་མལ་རང་བཞག་ལྷུག་པར་སྡོད། །
འཛིན་མེད་སེམས་ཀྱི་གཤིས་ལ་ལྟོས། །
ཟང་ཐལ་གྱི་རིག་པ་རྗེན་པའི་ཀློང༌། །
བཏང་བཞག་གི་རྟོག་པ་རང་སར་ཡལ། །
གཏད་མེད་ཀྱི་ཤེས་པ་བན་མ་བུན། །
འཛིན་མེད་ཀྱི་སྣང་བ་ཁྲོལ་ལེ་བ། །
ཡེངས་མེད་དུ་འདུག་ན་ངང་ལ་ལྟོས། །
དེ་མཉམ་བཞག་ཡེ་ཤེས་ཀྱི་ལྟ་བ་ལགས། །
ཆོས་ཉིད་རང་བབས་བཟོ་བཅོས་བྲལ། །
མི་གཡོ་གསུམ་གྱི་དགོངས་པའི་ཀློང༌། །
ཅོག་བཞག་བཞི་ཡི་རང་མལ་དུ། །
བཏང་བཞག་བྲལ་བའི་བསྒོམས་པ་ལ། །
བློ་གཟུང་དང་བྲལ་ན་བདེ་མོར་མཆི། །
ཡེ་གྲོལ་གྱི་གཉུག་མ་བདེ་བའི་ཀློང༌། །
འཁྲུལ་སེམས་ཀྱི་རྟོག་པའི་རང་ཚུགས་ཤིག །
རང་གྲོལ་གྱི་ཡེ་ཤེས་གཟིགས་མོར་ཆེ། །
ཕྱི་རོལ་གྱི་སྣང་བ་བདེན་མེད་དུ་ཤར། །
སྙེམས་བྱེད་ཀྱི་རྟོག་པ་རང་སར་ཡལ། །
མ་རིག་པའི་མུན་པ་གཞི་ལ་སངས། །
རང་སྣང་ཀུན་ཆོས་སྐུའི་སྣང་བར་ཤར། །
ཡན་པ་བློ་བདེ་རང་ལས་རྙེད། །
དོན་འདི་མཐར་ཐུག་གི་འབྲས་བུ་ལགས། །
ལྟ་སྒོམ་གཉུག་མ་རྡོ་རྗེའི་གླུ། །
གུ་ཡངས་ཡན་པ་བློ་བདེ་བླང༌། །
དགེ་བས་འཁོར་བ་དོང་སྤྲུགས་ཏེ། །
ཀུན་བཟང་རྒྱལ་སར་ཐོབ་པར་ཤོག །
བྲག་ཆབ་སྤུ་ཁའི༼བྱམས་པ་ཚུལ་ཁྲིམས་མཚན།༽ངོར་རྣལ་འབྱོར་པ་ལས་འབྲེལ་རྩལ་གྱིས་བྲིས་པ་དགེའོ། །