Counsel to Aka Nyima—Tibetan
༄༅། །ཨ་སྐ་ཉི་མ་ལ་གདམས་པ།
བླ་མ་ལ་ཕྱག་འཚལ་ལོ། །
འཆི་བར་བྱ་ཕྱིར་སྐྱེ་འགྱུར་བས། །
སྐྱེ་བའི་སྔོན་ནས་འཆི་བས་བསྒུགས། །
འདི་ལས་ནམ་ཡང་བྲོས་པ་མེད། །
འདུ་ཤེས་འདི་ལ་ནན་ཏན་འབད། །
ནང་པ་སངས་རྒྱས་ཆོས་རྣམས་ཀྱི། །
ནང་ན་འཆི་བ་མི་རྟག་པ། །
ཡང་དུ་བློ་ལ་བསམ་སྦྱང་ན། །
དང་པོ་ཆོས་ལ་འཇུག་པའི་རྒྱུ། །
བར་དུ་ལམ་ལས་མི་ལྡོག་ཅིང༌། །
ཐ་མ་མཉམ་པ་ཉིད་རྟོགས་པར། །
ཐོག་མཐའ་བར་དུ་དགེ་བར་འགྱུར། །
མི་རྟག་དྲན་བསྐུལ་མ་བསམ་ནས། །
གོང་མ་ཐེག་པའི་མཐོ་སྐད་ཀྱིས། །
དམན་པའི་ཤེས་རྒྱུད་ཆུད་ཟོས་ནས། །
རང་རྒྱུད་ཆོས་དང་མ་འདྲེས་པར། །
ལྟར་སྣང་བཅོས་མའི་རང་སེམས་བསླུ། །
འཆི་བ་རྒྱུད་ལ་མ་སྐྱེས་ན། །
ཆོས་རྫོགས་པ་ཆེན་པོ་ཟབ་རྒྱུ་མེད། །
སྙིང་ནས་མི་རྟག་ཡིད་ཆེས་ན། །
ཆོས་གང་བྱེད་ཐར་བའི་ལམ་དུ་འགྲོ །
དེང་སང་སྙིགས་མའི་མར་ཞབས་འདིར། །
ཁ་ཁྱེར་ཆོས་ལ་བྱེད་མེད་ཀྱང༌། །
ལམ་དུ་འགྲོ་བ་ཤིན་ཏུ་ཉུང༌། །
གཅིག་དུ་ལམ་གནད་ཤེས་པ་དཀོན། །
གཉིས་སུ་འདིར་སྣང་མ་ཆོད་དང༌། །
གསུམ་ན་བརྩོན་འགྲུས་ཞན་ཆེ་བས། །
མི་ཚེ་རི་ལ་བསྐྱལ་གྱུར་ཀྱང༌། །
འཆི་ཁར་ཆོས་མེད་འགྲོ་བ་མང༌། །
ཐོས་པ་མང་པོས་ཤེས་བྱའི་མཐའ། །
སྤྲོས་པ་ཆོད་སྙམ་བགྱིད་ན་ཡང༌། །
དོན་མེད་ཚིག་འཁྲི་བདེན་ཞེན་གྱིས། །
འཆིང་བ་འདི་ལས་ཆེ་བ་མེད། །
གྲྭ་པའི་དགེ་བཤེས་བོང་རྣ་ཅན། །
མངོན་པའི་ང་རྒྱལ་ཆེས་གྲགས་པས། །
མངོན་གསུམ་ཚད་མ་སྨྲ་བཞིན་དུ། །
དུད་འགྲོའི་མངལ་དུ་འཇུག་པ་ཐོབ། །
ཐོས་པས་ཚིག་མཐའ་མི་ཆོད་པར། །
བསམ་པས་དོན་ལ་སྒྲོ་འདོགས་བཅད། །
བསྒོམ་པས་ཉམས་མྱོང་ཅི་སྐྱེ་དགོས། །
ཤེས་རབ་རྣམ་གསུམ་ཡ་བྲལ་ནས། །
ཨུ་ཚུག་བསྒོམ་པ་གཅིག་པུ་འདིས། །
ཕལ་ཆེར་དུད་འགྲོའི་གནས་སུ་འགྲོ །
རྒྱུ་འབྲས་ངེས་པའི་གཏན་ཚིག་གིས། །
གཞལ་བྱ་བསླུ་བ་ཡོད་རེ་ཀན། །
ཐོས་པ་རྣམ་རྟོག་གཡེང་བའི་གྲོགས། །
བསྒོམ་པ་འདུ་ཤེས་མེད་པའི་རྒྱུ། །
ཉོན་མོངས་གཉེན་པོར་མ་སོང་བའི། །
ཐོས་བསྒོམ་གཉིས་པོས་རང་སེམས་བསླུ། །
དེས་ན་ལམ་གྱི་གཟུགས་བརྙན་སྤང༌། །
སྙན་བརྒྱུད་ཆུ་བོ་ལ་ནུབ་ཅིང༌། །
སྨིན་བྱེད་དབང་གིས་རྒྱུད་སྨིན་ནས། །
དམ་ཚིག་ལམ་གྱི་སྲོག་ཏུ་བཟུང༌། །
མོས་གུས་བསྒོམ་གྱི་མགོ་བོ་ཡིན། །
དྲན་པ་བསྒོམ་གྱི་སྙིང་རྡོ་ཡིན། །
བརྩོན་འགྲུས་བསྒོམ་གྱི་རྐང་པ་ཡིན། །
གསུངས་པས་དེ་གསུམ་ཡིད་ལ་གྱིས། །
བསགས་སྦྱངས་ལམ་དང་མ་འབྲེལ་བའི། །
ཨུ་ཚུག་བསྒོམ་པས་ས་མི་ཆོད། །
བླ་མ་སངས་རྒྱས་དངོས་མཐོང་གིས། །
དད་གུས་ཞེ་ནས་མ་སྐྱེས་ན། །
རང་གར་ནེ་ཙོའི་འདོན་པ་ལྟར། །
མོས་གུས་མེད་པས་བྱིན་རླབས་མེད། །
གོང་མའི་བྱིན་རླབས་མ་ཞུགས་པར། །
རྟོགས་པའི་ཡེ་ཤེས་འདོད་པ་དེ། །
བྱང་བསྟན་ཕུག་པའི་ཉི་མ་བཞིན། །
དགོངས་པའི་བྱིན་རླབས་འཕོ་དུས་མེད། །
བྱིན་རླབས་བུམ་པ་གང་བྱོ་བཞིན། །
གོང་མས་འོག་མ་བརླབ་པ་དགོས། །
དེ་མིན་ཉམ་སྣང་ཟ་ཟི་དང༌། །
ཉམས་ཀྱི་རླུང་སྣ་འཁྱིལ་བ་ལ། །
རྟོགས་པ་མཐོ་སྒྲོས་བརྟགས་ན་འཁྲུལ། །
རང་སྐྱོན་ནང་ནས་ངོས་མ་ཟིན། །
ཐོས་པ་ཚིག་ཕྱིར་འབྲང་ནས་སུ། །
གྲུབ་མཐའི་མཐོ་ཁྱད་འདོན་པ་འདི། །
ཤེས་རབ་འཆལ་བའི་རྒྱུ་ཡིན་སྤང༌། །
སྤྱིར་ན་གོང་མའི་ཞལ་རྒྱུན་དུ། །
ཐོས་དོན་བསམ་པས་སྐྱོང་བ་དང༌། །
བསམ་དོན་བསྒོམ་པས་མྱོང་བ་ནི། །
ངེས་པར་དགོས་པར་གསུངས་ན་ཡང༌། །
ཇི་བཞིན་འོང་བ་རེ་རེ་ཙམ། །
ཆོས་བརྒྱད་རྟོག་པའི་བསླུ་བྲིད་ལ། །
ཞེན་པ་ནང་ནས་མ་ལོག་པར། །
མཁས་དང་གྲུབ་པའི་གོ་པ་ལ། །
སྙེགས་པ་རང་མགོ་རང་གིས་བསྐོར། །
ཤིང་རྟ་གཉིས་ནས་ལེགས་བརྒྱུད་པ། །
ཟབ་རྒྱས་གཉིས་ཀྱི་གདམས་པའི་གནད། །
ཡང་དག་ལམ་གྱི་དམིགས་བྱས་ནས། །
བསྒོམ་པའི་སྐྱེས་བུ་སྐལ་བ་བཟང༌། །
ས་ལམ་མངོན་རྟོགས་ཅི་སྐྱེ་ཡང༌། །
རློམ་པའི་ང་རྒྱལ་མ་ཆེ་བར། །
རྣམ་དག་གཞུང་དང་ཞུ་ཏིག་གྱིས། །
རང་རྒྱུད་ཉོན་མོངས་ཁ་ཕྲི་ཞིང༌། །
འབྲས་བུ་བྱམས་དང་སྙིང་རྗེ་དང༌། །
བྱང་ཆུབ་སེམས་ལ་བློ་འགྲོ་ན། །
དམ་པའི་བློ་དང་མཐུན་པར་འདུག །
དེ་མིན་མངོན་ཤེས་གྲུབ་རྟགས་དང༌། །
སྙན་གྲགས་བདུད་ཀྱི་ཕྱེ་གཏོར་གྱིས། །
ཆོས་པ་ཕལ་ཆེར་བསླུས་བསླུས་ན། །
བསམ་པ་ཞིབ་མོས་རྟོག་དཔྱོད་ཐོངས། །
རང་རྒྱུད་བཏུལ་ན་ཐུལ་བར་མཆི། །
གཞན་གྱི་བཏུལ་ན་རྩོད་པ་འབྱུང༌། །
རང་གི་བཤེས་གཉེན་རང་གིས་བགྱིས། །
དྲན་དང་ཤེས་བཞིན་བག་ཡོད་ཀྱིས། །
ནམ་ཡང་རང་གི་སེམས་ལ་རྟོག
ཐར་པའི་ལམ་དང་མཐུན་པར་གྱིས། །
ཞལ་གདམས་ཟེར་བའི་ཤོག་བྱང་གཅིག །
ཧ་ཅང་ཡིན་མདོག་མ་ཆེ་བར། །
གཞུང་ལུགས་ཐམས་ཅད་གདམས་ངག་ཏུ། །
གོ་བ་མེད་ན་ཅི་མི་རུང༌། །
བསྟན་པ་ཐམས་ཅད་འགལ་མེད་པར། །
གང་ཟག་གཅིག་གི་ཉམས་ལེན་ཁྱེར། །
གཞན་ཟེར་ཚིག་གི་རྗེས་རྒྱུག་དང༌། །
ཉམས་ལེན་བླུན་པོའི་སེམས་འཛིན་འདི། །
དོན་མེད་འཁོར་བར་འཆིང་བའི་རྒྱུ། །
བྱང་ཆུབ་སེམས་ཀྱིས་མ་ཟིན་ན། །
དམ་ཆོས་ཅི་བྱེད་གྱི་ནར་གདའ། །
སྟོང་ཉིད་ལྟ་བས་མ་ཟིན་ན། །
ཉམས་ལེན་ཅི་བྱེད་འཁོར་བའི་རྒྱུ། །
ཐབས་དང་ཤེས་རབ་ཡ་བྲལ་དུ། །
སྤྲོས་བྲལ་ཁས་ལེན་མེད་པའི་མཐའ། །
མཐོན་པོར་འཛིན་པའི་གོ་སྐབས་འདིས། །
བསྟན་པ་རྨིང་ནས་དཀྲུགས་པར་ཟད། །
རྟེན་འབྲེལ་རང་བཞིན་མེད་པའི་གནས། །
བདེན་གཉིས་ཅི་ཡང་འཐད་པས་ན། །
རྒྱལ་བའི་དགོངས་པ་བདེ་བླག་ཏུ། །
ཁོ་ཐག་ནང་ནས་ཆོད་པ་ཡི། །
འགལ་འདུའི་དྲི་མས་མ་བསླད་པ། །
རྒྱལ་བ་དགྱེས་པའི་ལམ་ལམ་བཟང་པོ། །
ཟབ་པ་དང་ནི་རྒྱ་ཆེན་པོའི། །
གཞུང་བཟང་སྣང་བའི་གཏེར་ཆེན་པོ། །
ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་གསུང༌། །
ཤིང་རྟ་གསུམ་དང་མཛོད་ཆེན་བདུན། །
ཐོས་བསམ་བསྒོམ་པས་སྐྱོང་ནུས་ན། །
གཞན་དུ་ནོར་བ་ཡོད་རེ་ཀན། །
གཞན་ཡང་རྟོག་གེའི་རྩལ་བཤད་དང༌། །
མི་ཤེས་རྨོངས་པའི་སྙན་བརྒྱུད་གཉིས། །
རྣམ་རྟོག་སྤྲོས་པ་ཕྱིར་ཆོད་པས། །
ལམ་ངན་དེ་དག་ཞོག་ལ་ཐོངས། །
ཅེས་པའང་བསྒྲུབ་བརྩོན་དམ་པ་ཨ་སྐ་ཉི་མས་བསྐུལ་ངོར་པདྨ་ལས་འབྲེལ་གྱིས་སོ།། །།