Counsel for Vajra Friends—Tibetan
༄༅། །རྡོ་རྗེའི་མཆེད་དམ་ལ་གདམས་པ།
ན་མོ་གུ་རུ་སིདྡྷི་ཧཱུཾ།
གནས་བདེ་ཆེན་རང་སྣང་འོག་མིན་ཞིང་། །
དཔལ་རིག་འཛིན་རྒྱ་མཚོའི་ཚོགས་དཔོན་རྗེ། །
ཕ་ཀུན་མཁྱེན་བླ་མ་ཆོས་ཀྱི་རྒྱལ། །
བུས་མོས་གུས་གདུང་བས་གསོལ་བ་འདེབས། །
གཉིས་སྣང་རང་སར་གྲོལ་བར་བྱིན་གྱིས་རློབས། །
ལྷ་དངོས་གྲུབ་སྩོལ་མཛད་གཤིན་རྗེའི་གཤེད། །
གྲོགས་བར་ཆད་སེལ་མཛད་མཁའ་འགྲོའི་ཚོགས། །
བུའི་བར་ཆད་སོལ་ལ་ཉམས་རྟོགས་སྤེལ། །
ཕྱི་སྣང་བ་དགྲ་རུ་ག་ལ་ལ། །
ནང་འོད་གསལ་བདེ་ཆེན་ཆོས་ཀྱི་སྐུ། །
ཕྱོགས་འཛིན་བྲལ་བས་ཡེ་ནས་སྟོང། །
ཡེངས་མེད་བྲལ་བས་རེ་དོགས་མེད། །
ཐམས་ཅད་ཡེ་གནས་ཆོས་ཀྱི་སྐུ། །
ཆོས་ཀྱི་དབྱིངས་ལ་དགྲ་གཉེན་བྲལ། །
སྤངས་གཉེན་མེད་པ་ཆོས་སྐུའི་རྩལ། །
བདག་གཞན་མེད་པས་སྟོང་པ་ཉིད། །
ཡེ་སྟོང་གཉུག་མའི་ཡེ་ཤེས་ཀློང་། །
ཐམས་ཅད་ཐིག་ལེ་ཉག་གཅིག་རྫོགས། །
ཕྱི་རོལ་རྩལ་བདུད་རྒྱལ་འགོང་རྣམས། །
རང་སྣང་དག་པ་བླ་མའི་སྐུ། །
འདི་ལ་བཟོ་རེ་ཅི་ཞིག་དགོས། །
སྣང་སྲིད་བདེ་ཆེན་འོག་མིན་ཞིང་། །
འགྲོ་དྲུག་རྡོ་རྗེ་གསུམ་དུ་རྫོགས། །
དུས་གསུམ་རྒྱལ་བའི་དཀྱིལ་འཁོར་ལ། །
སྤངས་གཉེན་མེད་པར་རང་སར་ཞོག །
རེ་དོགས་མེད་པར་ལྷུག་པར་ཞོག །
གཉིས་འཛིན་མེད་པ་བདེ་བ་ཆེ། །
བདེ་ཆེན་ཆོས་སྐུའི་རོལ་པ་ལ། །
བདག་དང་གཞན་གྱི་ཆགས་སྡང་མེད། །
སྤངས་གཉེན་བདེ་སྡུག་རེ་དོགས་མེད། །
སངས་རྒྱས་སེམས་ཅན་མིང་ཡང་མེད། །
བདུད་དང་རྒྱལ་འགོང་ཡེ་ནས་སྟོང་། །
ལྷ་བདུད་གཉིས་འཛིན་རང་སར་དག །
བཅོས་བསྒྱུར་མ་བྱེད་དགོངས་པ་སྟོང་། །
བདེ་སྡུག་ཚོར་བ་ནང་གི་བདུད། །
རྒྱལ་འགོང་དམ་སྲི་ཕྱི་ཡི་བདུད། །
གཉིས་འཛིན་ཐེ་ཚོམ་གསང་བའི་བདུད། །
འདི་རྣམས་རང་སར་མ་གྲོལ་ན། །
སངས་རྒྱས་འདོད་ཀྱང་ཁ་ཐག་རིང་། །
དེ་ཕྱིར་གཉིས་སུ་མི་འཛིན་འཚལ། །
ཐམས་ཅད་རོ་མཉམ་ཆེན་པོར་སྤྱོད། །
ཅེས་གཉིས་འཛིན་ཅན་ཆུ་སྐྱེས་མིང་གིས་བླ་མའི་གསུང་བཞིན་རྡོ་རྗེའི་ཆེད་དམ་ལ་བརྗོད་བསྐུལ་དུ་བྲིས་པའོ། །