The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Counsel for Kalgön—Tibetan

English | བོད་ཡིག

༄༅། །སྐལ་མགོན་ལ་གདམས་པ།

ལུང་རྟོགས་བསྟན་པའི་ཉི་མ་ལ། །
གུས་པའི་ཡིད་ཀྱིས་ཕྱག་འཚལ་ཏེ། །
སེམས་ལ་ཕན་པའི་གྲོས་གཅིག་གདབ། །
ནམ་ཡང་རང་གི་རྒྱུད་ལ་སྦྱོར། །

དེང་སང་སྙིགས་མའི་མར་ཞབས་འདིར། །
ཆོས་པའི་གཟུགས་བརྙན་མང་མོད་ཀྱང༌། །
ཚུལ་བཞིན་སྒྲུབ་པ་ཉིན་སྐར་ཙམ། །
ལམ་གནད་ཤེས་པ་དེ་བས་དཀོན། །

གོང་མ་བརྒྱུད་པའི་མན་ངག་བཞིན། །
རྟག་ཏུ་རང་གི་སེམས་ལ་བརྟག །
མི་དགེའི་བསམ་པ་དུག་བཞིན་སྤོང༌། །

དགེ་བ་བྱང་ཆུབ་སེམས་མཆོག་འདི། །
སངས་རྒྱས་སྒྲུབ་པའི་ས་བོན་ལགས། །
ལུས་ངག་དགེ་བ་གང་སྒྲུབ་པ། །
རྣམ་མཁྱེན་ལམ་དུ་འགྲོ་བ་དགོས། །
དལ་འབྱོར་སྙིང་པོ་ཆོས་ཀྱིས་བླངས། །
མི་རྟག་འཆི་བའི་དྲན་བསྐུལ་གྱིས། །
ཚེ་འདིར་ཞེན་པ་མ་ལོག་ན། །
སྤྲོས་བྲལ་མཐོན་པོའི་སྟོང་སྐད་དང༌། །
བསྐྱེད་རྫོགས་ལམ་གྱི་རློམ་སེམས་འདིས། །
དམན་པའི་སྐྱེ་བོ་ཕལ་ཆེར་བསླུ། །

གཞི་མ་མ་ནོར་ཚུལ་ཁྲིམས་གཙང༌། །
བློ་རྩེ་མ་ནོར་དཀོན་མཆོག་གསུམ། །
ཡིད་ཆེས་འགྱུར་མེད་དད་པ་བརྟན། །
མེད་ཐབས་མེད་པའི་ཆོས་གསུམ་ལགས། །

ལྷོ་ཟོང་བྱང་དུ་སྐྱེལ་བ་དང༌། །
བྱང་ཟོང་ལྷོ་རུ་འདོན་པ་དང༌། །
རྐང་ལེབ་བྲན་དུ་བཀོལ་བ་དང༌། །
འདི་གསུམ་ཆོས་པའི་རླུང་ཁྱེར་ཡིན། །

མ་མཐོང་མངོན་ཤེས་འཆད་པ་དང༌། །
ནུས་མེད་ལྷ་འདྲེ་དོ་སྡོ་དང༌། །
རྨང་པོ་སྲིའུ་གསོ་བ་གསུམ། །
འདི་གསུམ་ཆོས་པའི་སད་ཁྱེར་ཡིན། །

སྡིག་ཟས་ཁྲ་བོ་ཤ་དང་གཅིག །
མྱོས་བྱེད་སེར་མོའི་ཆང་དང་ཉིས། །
བསླུ་བྱེད་ན་ཆུང་རེག་དང་གསུམ། །
འདི་གསུམ་ཆོས་པའི་བཙན་དུག་ཡིན། །

རྒྱལ་བའི་ལམ་མཆོག་མ་ནོར་བ། །
ཟབ་རྒྱས་གཉིས་ཀྱི་གདམས་པའི་བཅུད། །
ཡོངས་འདུས་ཀུན་མཁྱེན་ཆེན་པོའི་གསུང༌། །
རྣམ་མང་མཁས་པས་བཟུང་བའི་གཞུང༌། །
ཤིང་རྟ་གསུམ་གྱི་ལེགས་བཤད་ལ། །
ཤེས་རབ་གསུམ་གྱི་མིག་བསྒྲུན་ནས། །
ཇི་བཞིན་ཉམས་སུ་ལེན་ནུས་ན། །
ལམ་མ་ནོར་འཆུག་ཡོད་རེ་ཀན། །

གཞན་དུ་རྟོག་གེའི་རྩལ་བཤད་དང༌། །
བླུན་བསྒོམ་སྙན་བརྒྱུད་བཅོས་མ་གཉིས། །
རྫུན་གཏེར་ཟོག་པོའི་བསླུ་བྲིད་གསུམ། །
ཐར་འདོད་རྣམས་ཀྱི་བདུད་དུ་ཆེ། །

ཀྱེ་མ་རང་མགོ་ཆོས་ཀྱིས་ཐོན། །
བདེན་གཉིས་འབྱེད་པའི་ཤེས་རབ་ཞིག། །
མེད་ཐབས་མེད་པས་ཐོས་པ་ཚོལ། །
དེ་དོན་བསམ་པས་སྐྱོང་བ་དང༌། །
བསྒོམ་པས་བརྟན་པ་ཐོན་པ་དགོས། །

རྒྱུད་ལ་བློ་སྐྱེད་མ་ཐོན་བར། །
ཆོས་ལ་ཡར་སྐྱེད་བཏོན་པ་ན། །
ཆོས་གཞུང་ཤོར་བའི་ཆོས་པ་དེ། །
སངས་རྒྱས་བསྟན་པའི་བླ་བཙོང་ཡིན། །
དེས་ན་འདི་སྣང་ཞེན་པ་ཡི། །
ཆོས་བརྒྱད་ལམ་ཁའི་རོ་བཞིན་དོར། །

རང་གཞན་གྲུབ་མཐའི་ཆགས་སྡང་གིས། །
ཐར་མེད་འཁོར་བའི་གཏིང་རྡོ་བྱེད། །
ཕྱོགས་མེད་གྲུབ་མཐའི་ཁོག་ཁྲོལ་ཞིང༌། །
རྣམ་དག་ལམ་གྱི་དམིགས་ཕྱེ་ནས། །
ལྟ་སྒོམ་ཁ་ཁྱེར་མ་ཆེ་བར། །
རང་རྒྱུད་གྱོང་པོ་འདུལ་བ་ལ། །
བསླབ་པ་གསུམ་གྱི་སྐྱ་བར་ནས། །
གོང་མའི་རྗེས་སུ་ཅི་སྙོགས་ཀྱིས། །
རྫོགས་པ་ཆེན་པོའི་ཉམས་ལེན་དང༌། །
ཐལ་འགྱུར་དབུ་མའི་མཐོ་སྐད་དེ། །
རང་གི་རྒྱུད་ལ་འབྱོར་དཀའ་བས། །

ཐུན་མོངས་བློ་ལྡོག་ནས་བཟུང་སྟེ། །
ཟབ་མོ་བླ་མའི་རྣལ་འབྱོར་བར། །
ཐུན་རེ་བཞིན་དུ་བློ་སྦྱོངས་དང༌། །
ཉིན་རེ་བཞིན་དུ་ཉམས་ལེན་ལྟོས། །

ཚད་མེད་བཞི་དང་བྱང་ཆུབ་སེམས། །
མོས་གུས་བླ་མའི་རྣལ་འབྱོར་གྱིས། །
དབང་བཞི་བླང་ཞིང་ཐུགས་ཡིད་བསྲེས། །

རིག་སྟོང་རྗེན་པའི་ཡེ་ཤེས་འདི། །
ཁོ་ཐག་ནང་ནས་ཆོད་པ་ལ། །
ཅོག་བཞག་ཆེན་པོའི་དགོངས་པ་སྐྱོངས། །

རང་གྲོལ་སྤྱོད་པས་བོགས་དབྱུང་ན། །
ཀུན་བཟང་ཆོས་སྐུའི་རྒྱལ་ཐབས་ལ། །
འབད་མེད་ངང་གིས་ཕྱིན་པར་འགྱུར། །

སྐལ་མགོན་ངོར་ཚུལ་ཁྲིམས་རྒྱ་མཚོས་སོ།།

མཁན་ཆེན་ངག་དབང་དཔལ་བཟང་།

མཁན་ཆེན་ངག་དབང་དཔལ་བཟང་།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept