The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Counsel to Chöying Wangmo—Tibetan

English | Français | བོད་ཡིག

༄༅། །ཆོས་དབྱིངས་དབང་མོ་ལ་གདམས་པ། །

མཐོན་མཐིང་རལ་པ་ཅོད་པན་རྩེར། །
འདབ་རྒྱས་པདྨའི་གེ་སར་ལ། །
ཕ་གཅིག་དྲི་མེད་འོད་ཟེར་དང༌། །
དབྱེར་མེད་བསྟན་པའི་ཉི་མས་སྐྱོངས། །
བུ་སྙིང་ནས་ཆོས་བཞིན་བྱེད་འདོད་ན། །
བཅའ་ཁ་ཤོམ་ར་སྒྲིགས་རྒྱུ་མེད། །
ཁ་ཕོ་ཁ་བཤད་བྱེད་རྒྱུ་ཅི། །
སེམས་འདིའི་འགྲོ་ལྡོག་ལེགས་བརྟགས་ནས། །
མི་དགེ་རྟོག་པ་ཅི་བྱུང་ཚེ། །
ཡན་པར་མ་བཏང་གཉེན་པོ་བརྟེན། །
སོ་སོའི་སྐྱེ་བོའི་ས་འདི་ན། །
ཉོན་མོངས་མི་སྐྱེ་མེད་ན་ཡང༌། །
རེ་རེ་བཞིན་དུ་འབུར་འཇོམས་དགོས། །
ཉོན་མོངས་གང་དང་གང་སྐྱེས་ཀྱང༌། །
ཅེར་གྱིས་གཉེན་པོ་སྟོང་པ་ཉིད། །
བསྒོམ་པ་མཆོག་ཅེས་གསུངས་ནའང༌། །
འདོད་ཆགས་དངོས་གཉེན་མི་སྡུག་དང༌། །
ཞེ་སྔ་བྱམས་པ་གཏི་མུག་ལ། །
རྟེན་འབྲེལ་རྣམ་དབྱེ་བསྒོམ་པ་སོགས། །
མདོར་ན་རྟོག་ངན་གང་སྐྱེས་ལ། །
དེ་མ་ཐག་ཏུ་ངོས་བཟུང་ལ། །
ཐུག་ཕྲད་རྦད་ཆོད་གྱིས་ལ་ཐོངས། །
ལུང་མ་བསྟན་པའི་སྤྱོད་ལམ་ལ། །
བཟོ་ཡི་གནས་སོགས་གང་ལ་ཡང༌། །
ངོས་བཟུང་དགེ་བའི་ལམ་ལ་ཞོག །
དམ་ཆོས་བསྒོམ་སྒྲུབ་ཐམས་ཅད་ལ། །
མི་བསླུ་ཡིད་ཆེས་སྔོན་བཏང་ནས། །
ཕྱིར་མི་ལྡོག་པའི་དད་པ་བརྟེན། །
མཆོག་གསུམ་ངེས་ཤེས་ཐོབ་པ་དགོས། །
རང་སེམས་རང་ལ་མངོན་སུམ་པས། །
བླ་མ་ལྷ་དང་མཆོག་གསུམ་དང༌། །
མཆེད་དང་རང་གིས་མ་ཁྲེལ་ན། །
གཞན་གྱིས་སྨད་ཀྱང་འཇིགས་མི་དགོས། །
འདི་སྣང་ཞེན་པའི་རྟོག་ངན་ལ། །
བློ་ལྡོག་རྣམ་པ་བཞི་པོ་ཡིས། །
བློ་སྣའི་འགྲོ་ལྡོག་སྐད་ཅིག་ལ། །
དྲན་དང་ཤེས་བཞིན་བག་ཡོད་པ། །
འདི་གསུམ་གྱིས་ནི་རྐྱ་བར་ནས། །
འདོན་པ་དམ་པའི་ཕྱག་བཞེས་ལགས། །
སྔོན་འགྲོ་བློ་ལྡོག་ཚུལ་རྣམས་ལ། །
གལ་ཆུང་དོན་མེད་མི་སེམས་པར། །
རང་གི་སེམས་འདི་དགེ་བར་སྦྱང༌། །
རང་སེམས་ཉོན་མོངས་སྐྱོན་བརྟགས་ནས། །
རང་སྐྱོན་རང་གིས་ཤེས་བྱས་ལ། །
རང་སེམས་རང་གིས་མ་ཐུལ་ན། །
གཞན་གྱིས་བཏུལ་ཀྱང་རྩོད་པའི་གཞི། །
འཁོར་བ་འདི་ན་གང་ཅི་རུང༌། །
ཚོར་བ་ཐམས་ཅད་སྡུག་བསྔལ་ལས། །
བདེ་བའི་གོ་སྐབས་རྙེད་མིན་པ། །
བསམ་ནས་སྐྱོ་ཤས་ངེས་འབྱུང་གིས། །
སེམས་འདི་ཡང་ནས་ཡང་དུ་སྦྱོང༌། །
ཐམས་ཅད་མཁྱེན་པས་གཟིགས་པའི་ཡུལ། །
ལས་འབྲས་བསླུ་བ་མེད་པའི་གནས། །
དགེ་སྡིག་ལས་ཀྱི་བླང་དོར་ལ། །
ཞིབ་ཆ་རྒྱུད་ལ་གང་ཐོན་གྱིས། །
སྡིག་པ་ཕྲ་མོ་ཙམ་གཅིག་གིས། །
བསྐལ་བར་ངན་འགྲོ་འགྲོ་འགྱུར་ན། །
ཐོག་མེད་འཁོར་བར་བསགས་སྡིག་གིས། །
བདེ་འགྲོ་མི་འགྲོ་སྨོས་མི་དགོས། །
སྟོང་ཉིད་མཐོན་པོའི་ཆོས་སྐད་ལ། །
ཉན་ནས་རང་རྒྱུད་ཆུད་མ་གཟོན། །
ཡོན་ཏན་ཀུན་གྱི་གཞི་དང་རྟེན། །
ལམ་དང་འབྲས་བུའི་ཆོས་ཀྱི་མཛོད། །
ལམ་རྐྱེན་དགེ་བའི་བཤེས་གཉེན་ལ། །
མཉེས་པ་གསུམ་གྱིས་ཐུགས་ཟིན་དགོས། །
ཕྱི་པ་ནང་བའི་ཁྱད་པར་ལ། །
བརྟེན་བྱ་སྐྱབས་ཀྱི་ཁྱད་པར་གྱི། །
དཀོན་མཆོག་རིན་ཆེན་རྣམ་པ་གསུམ། །
སྟོན་པ་ལམ་དང་ལམ་གྱི་གྲོགས། །
ཡིད་ཆེས་སྙིང་ནས་སྐྱབས་འགྲོ་དགོས། །
འཁོར་བའི་སྡུག་བསྔལ་འབྲོག་དགོན་པ། །
འཇིགས་དང་སྡུག་བསྔལ་གནས་རྣམས་ལ། །
སྐྱོབ་པ་འདི་ལས་གཞན་མེད་པས། །
བློ་རྩེ་སྐྱབས་འགྲོ་གཅིག་པུའི་མཛོད། །
འཇིག་རྟེན་ཕ་དང་མ་དང་ནི། །
གཉེན་བཤེས་གྲོགས་དང་དགའ་མ་རྣམས། །
འདི་སྣང་ཞེན་པའི་འཆིང་ཐག་ལ། །
བློ་གཏད་ཅི་ཆ་རང་ཐག་ཆོད། །
རང་མགོ་ཉི་མ་ཆོས་ཀྱིས་ཐོན། །
སེམས་ལ་ཡར་སྐྱེད་མ་ཐོན་ན། །
ཐེག་པའི་ཡར་སྐྱེད་དགོས་པ་ཆུང༌། །
དགེ་བའི་བཤེས་གཉེན་པུ་ཏོ་བས། །
ཆོས་རྣམས་ཀུན་གྱི་དང་པོ་ལ། །
འཆི་བ་བསྒོམ་དང་བྱང་ཆུབ་སེམས། །
གཉིས་པོ་འདི་ལ་འདུ་ཤེས་གསུངས། །
མ་རྣམས་སེམས་ཅན་ཀུན་དོན་དུ། །
རྣམ་མཁྱེན་སངས་རྒྱས་ཐོབ་པའི་རྒྱུ། །
སེམས་ཀྱི་ཁྱད་པར་རྨད་བྱུང་བ། །
རིན་ཆེན་བྱང་ཆུབ་སེམས་འདི་ལ། །
རྣམ་པ་ཀུན་ཏུ་བློ་སྦྱོང་གྱིས། །
འདི་མེད་ལམ་གྱི་གཟུགས་བརྙན་འགའ། །
ཕྱི་ཚུལ་བཟང་དང་སྒྲུབ་ཚུགས་བརྟན། །
བསྐྱེད་རྫོགས་ཟབ་མོའི་ཉམས་ལེན་རྣམས། །
སྙིང་མེད་རོ་བཞིན་མ་གཟིགས་སམ། །
ཀྱེ་མ་དེངས་སང་སྙིགས་མའི་དུས། །
འདུལ་བ་སྣལ་མའི་མདོག་ལ་རེ། །
བྱང་སེམས་ཕྱི་ཚུལ་འཆོས་ལ་འཛིན། །
བསྐྱེད་རྗོགས་ཁ་ཕོ་མཐོ་ལ་རེ། །
དེ་འདྲའི་ལད་མོའི་མ་བྱེད་ཅིག །
མཚན་ཉིད་ཀུན་ལྡན་བླ་མ་ནི། །
མི་འབྲལ་སྤྱི་བོའི་གཙུག་ཏུ་བསམ། །
སྐྱབས་ཀུན་འདུས་པའི་བདག་ཉིད་དུ། །
ངེས་པར་མོས་གུས་དྲག་པོ་ཡིས། །
ཐུགས་དམ་གདུང་བའི་གླུས་བསྐུལ་ན། །
བྱིན་རླབས་ཐུགས་རྗེ་སྤྲིན་བཞིན་འདུ། །
ཉམས་དང་རྟོགས་པ་ས་ལམ་གྱི། །
ཡོན་ཏན་ཡར་ངོའི་ཟླ་བཞིན་རྒྱས། །
མོས་གུས་དཀར་པོ་གཅིག་ཐུབ་འདི། །
རྗོགས་ཆེན་ལྟ་སྒོམ་སྤྱོད་པའི་གནས། །
ལམ་རྣམས་ཀུན་གྱི་བསྒོམ་འདུན་དུ། །
རྒྱལ་བ་རྡོ་རྗེ་འཆང་གིས་བསྔགས། །
སྐྱེ་མེད་ཆོས་སྐུའི་རྒྱལ་ཁབ་ན། །
སྲིད་ཞི་ཀུན་གྱི་སྙིང་པོའི་བཅུད། །
མཚོན་བྱ་དོན་གྱི་བླ་མ་དང༌། །
འདུ་འབྲལ་མེད་དོ་སྙིང་གི་བུ། །
ང་ནི་ཡེ་ཤེས་སྒྱུ་མའི་སྐུ། །
དོན་དམ་ལྷན་ཅིག་སྐྱེས་པའི་གཟུགས། །
རྣམ་པ་ཀུན་གྱི་མཆོག་ལྡན་པས། །
གསོལ་བ་སྙིང་གི་དཀྱིལ་ནས་ཐོབ། །
འདྲེན་པ་རྣམས་ནི་ཆོས་ཉིད་ལྷ། །
ཀུན་བཟང་ཆོས་སྐུའི་བླ་མ་ལ། །
ཉེ་རིང་འཛིན་པ་བྱིས་པའི་བློ། །
དངོས་འཛིན་མ་བྱེད་གསོལ་བ་ཐོབ། །
གང་ཞིག་མོས་པས་སྒྲུབ་བྱེད་ན། །
ང་ཉིད་རྟག་ཏུ་མི་འབྱོན་རེ། །
ལས་ཅན་བུ་ལ་བྱིན་གྱིས་བརླབས། །
མཆོག་ཐུན་དངོས་གྲུབ་ཆར་བཞིན་འབེབས། །
དེ་ལྟར་མོས་པའི་སྲོག་བཟུང་ནས། །
བླ་མ་རྟག་ཏུ་སྒྲུབ་བྱེད་ན། །
འགལ་རྐྱེན་ངན་པ་ལམ་སློང་ནས། །
ཡང་དག་ལམ་དུ་འགྲོ་བར་ངེས། །
སྔོན་འགྲོའི་ཆོས་གཞུང་མ་ཤོར་སྟེ། །
ཐུན་མོང་མིན་པའི་ཉམས་ལེན་ལ། །
རྟག་ཏུ་རྣམ་གཡེང་སྤང་ལ་སྒོམས། །
སེམས་ཉིད་རིག་སྟོང་རྗེན་པའི་གཤིས། །
ཕྲ་རགས་རྟོག་པ་མ་སྦགས་པར། །
རང་བབ་མ་བཅོས་རྗེན་སེང་ངེ༌། །
ཐ་མལ་ཤེས་པ་རང་ཡན་ལྟོས། །
དགོངས་པ་ཆུ་བོའི་ཀླུང་ཆེན་གྱི། །
ཅོག་བཞག་རྣམ་པ་བཞི་ཡི་སྒྲོམ། །
མི་གཡོ་གསུམ་ལྡན་བསྒོམ་པ་ཡིས། །
གཉུག་མ་རང་བབ་བསམ་གཏན་ལ། །
རྟག་ཏུ་ཉམས་ལེན་བརྩོན་པར་མཛོད། །
སྟོང་བས་ཅི་ཕན་སེམས་ཀྱིས་བཟོས། །
སྣང་བས་མི་གནོད་ཆོས་སྐུའི་རྩལ། །
ཐམས་ཅད་རོ་མཉམ་ཆེན་པོ་ལ། །
སྤང་བླང་རེ་དོགས་བྲལ་བར་སྐྱོངས༌། །
འགྲོ་འམ་གནས་སམ་འགྱུས་ཀྱང་རུང༌། །
གྲོལ་ཚུལ་ཆུ་ལ་རི་མོ་བཞིན། །
རང་ཤར་རང་གྲོལ་རྟོག་མཐའ་ཟད། །
འགྱུ་བ་སྟོང་པས་གཏན་མེད་སྐྱོངས། །
སྔོན་འགྲོ་ནས་བཟུང་དངོས་གཞིའི་བར། །
སྔར་ནས་རྒྱས་པར་ཞུས་ཟིན་པས། །
བརྗེད་ངེས་མ་སྐྱུར་དྲན་ཤེས་གྱིས། །
བཟུང་ནས་ཐུགས་ལ་ངེས་པར་སྦྱོང༌། །
རྣམ་གཡེང་མ་མཛད་སྒྲུབ་ལ་གཞོལ། །
ནམ་ཞིག་དུས་ཀྱི་ཉེན་པའི་ཚེ། །
ཆོས་དང་བླ་མ་མ་གཏོགས་པར། །
སྐྱབས་དང་སྐྱོབ་པ་མ་མཆིས་པས། །
ད་རིས་མཐུན་རྐྱེན་ཚང་བའི་དུས། །
འབུངས་གསུམ་དམ་པའི་ཆོས་ལ་མཛོད། །
རིགས་དང་འབྱོར་པའི་གྲགས་པ་ལ། །
སྙེམ་པ་མ་འཆང་དམན་ནུས་ཟུང༌། །
ན་གཞོན་བྱིས་པའི་ཀུན་སྤྱོད་ལ། །
མིག་ལྟོས་མ་བྱེད་བཙུན་ཚུགས་ཟུངས། །
རྒྱུ་འབྲས་བསླུ་བ་མེད་པ་ལ། །
སྟོང་ལྟས་མ་བསླད་ཞིབ་ཚགས་གྱིས། །
བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །
གལ་ཆུང་མ་སེམས་རྒྱུད་ལ་སྐྱོངས༌། །
འདི་སྣང་སྒྱུ་མའི་བསླུ་བྲིད་ལ། །
ཆོས་བརྒྱད་ལམ་ཁའི་རོ་བཞིན་དོར། །
ལྟ་བསྒོམ་སྤྱོད་པའི་ཉམས་ལེན་གནད། །
ཉོན་མོངས་གཉེན་པོས་ནོན་པ་དགོས། །
དེ་ལྟར་མ་ཡིན་མདོ་སྔགས་ལ། །
ཁ་བཤད་ནེ་ཚོའི་འདོན་པར་འགྲོ། །
རང་སེམས་རང་ལ་དཔང་བཙུག་ནས། །
རྟག་ཏུ་རང་རྒྱུད་གཙང་བར་མཛོད། །
ཀུན་མཁྱེན་བརྒྱུད་པའི་ལེགས་བཤད་ལས། །
སྔོན་ནས་ཆོས་ལ་ལེགས་གོམས་པས། །
ད་ལྟ་འཁོར་ལོ་བཞི་ལྡན་གྱི། །
རྗེ་བཙུན་ཆོས་དབྱིངས་དབང་མོས་བསྐུལ། །
རྣམ་གཡེང་མི་ཚེ་གྱི་ནས་འདའ། །
གཞན་དོན་ལྟར་སྣང་བཤེས་གཉེན་གཟུགས། །
པདྨ་ལས་འབྲེལ་རྩལ་གྱིས་ཕུལ། །
དགེ་བས་མཐའ་ཡས་འགྲོ་བ་ཀུན། །
བྱང་ཆུབ་ལམ་གྱི་བར་ཆད་སེལ། །
མཐུན་རྐྱེན་མ་ཚང་མེད་པ་ལས། །
རྒྱལ་བའི་བསྟན་པ་རིན་པོ་ཆེ། །
ཀུན་མཁྱེན་བླ་མའི་ལེགས་བཤད་ཀྱི། །
བསྟན་པ་ཕྱོགས་བརྒྱར་རྒྱས་པར་སྨོན། །

སརྦ་དཱ་ཀ་ལྱཾ། །

མཁན་ཆེན་ངག་དབང་དཔལ་བཟང་།

མཁན་ཆེན་ངག་དབང་དཔལ་བཟང་།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept