The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer to Jamyang Khyentse Wangpo—Tibetan

English | བོད་ཡིག

༄༅། །ཐམས་ཅད་མཁྱེན་ཅིང་གཟིགས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་རྣམ་ཐར་གསོལ་འདེབས་མདོར་བསྡུས།

 

ན་མོ་གུར་མཉྫུ་གྷོ་ཥ་ཡ།

 

གངས་ལྗོངས་བསྟན་འཛིན་ཡོངས་ཀྱི་གཙུག་གི་རྒྱན། །

ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ནི། །

སྡེ་དགེ་གཏེར་ལྷུང་གཉོས་རིགས་སྐུ་འཁྲུངས་ཤིང་། །

མཚན་ལྡན་བླ་མ་བརྒྱ་དང་ལྔ་བཅུ་བསྟེན། །

གསར་རྙིང་ཆོས་ཚུལ་པོད་ཆེན་བདུན་བརྒྱ་གསན། །

རིས་བྲལ་གྲུབ་མཐའ་ཀུན་གྱི་བསྟན་སྲོག་བཟུང་། །

སྲོལ་ལུགས་སོ་སོའི་སྲོག་གནད་ཟིན་པ་ཡི། །

དམ་པ་མང་བྱོན་སྐྱེས་མཆོག་འདི་ཡི་དྲིན། །

འདི་ལས་བསྟན་རྒྱུན་ཕན་པའི་མགོན་སུ་ཞིག །

 

འདི་ཡི་ཕྲིན་ལས་བརྒྱུད་ནས་ས་ཆེན་ཁྱབ། །

ཁྱད་པར་གྲུབ་དབང་ཐང་སྟོང་རྒྱལ་པོ་ནས། །

ད་བར་མ་ཆད་པའི་སྙན་བརྒྱུད་རྣམས། །

ནན་ཏན་མནོས་ནས་ཐུགས་ཉམས་ལེགས་བསྟར་ཏེ། །

གདམས་ངག་གཞན་ལས་གསང་སྤྱོད་སྙན་བརྒྱུད་ལ། །

མཁས་པར་ཞལ་གྱིས་བཞེས་ནས་སྐལ་ལྡན་བསྐྱང་། །

སྙན་བརྒྱུད་འདི་ཡི་བསྟན་པའི་བདག་པོ་གྲུབ། །

 

ཐང་སྟོང་སྒྲུབ་ཐབས་སྙིང་པོ་སྐོར་ལྔ་དང་། །

གྲུབ་ཐོབ་ཐུགས་ཏིག་བཀའ་བརྒྱད་མགོན་པོ་སོགས། །

ཡེ་ཤེས་སྐུ་ཅན་དེ་དང་དབྱེར་མེད་པར། །

དགོངས་བརྒྱུད་བྱིན་རླབས་ཕ་ཕོག་ཐུགས་ལ་འཕོས། །

 

བཤད་བརྒྱུད་བཅུ་དང་སྒྲུབ་བརྒྱུད་ཤིང་རྟ་བརྒྱད། །

བཀའ་བབས་བདུན་དང་ཁྱད་པར་ཐང་སྟོང་པའི། །

བཀའ་བབས་བརྒྱད་དང་བཀའ་བབས་ལྔ་ལྡན་གྱི། །

སྟོན་མཆོག་འོད་གསལ་སྤྲུལ་པའི་རྡོ་རྗེར་འདུད། །

 

མཁྱེན་རབ་ཆེན་པོས་ཡོངས་རྫོགས་བསྟན་གནད་གཟིགས། །

བརྩེ་བ་ཆེན་པོས་གྲངས་མེད་གདུལ་བྱ་སྨིན། །

ནུས་མཐུ་ཆེན་པོས་ཀླ་ཀློ་གདུག་ཅན་བཟློག །

མཁས་གྲུབ་ཆེན་པོ་ཁྱེད་ཀྱི་བྱིན་གྱིས་རློབས། །

 

ཞེས་པའང་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་བཤད་སྒྲུབ་བསྟན་པའི་ཉི་མས་རྗེ་གྲུབ་ཐོབ་ཆེན་པོའི་གསུང་གི་གདན་ས། དཔལ་ཆུ་བོ་རིའི་བླ་བྲང་དུ་སྦྱར་བ་དགེའོ།།

 

ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ།

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

Further information:

BDRC Author Profiles: P706 P258

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept