Lama Norlha Lineage Prayer—Tibetan
༄༅། །ནོར་སྒྲུབ་རིན་ཆེན་བུམ་བཟང་གི་བརྒྱུད་འདེབས་དོན་འདུས་སྙིང་པོ་བཞུགས་སོ། །
ན་མོ་མ་ཧཱ་གུ་རུ་པདྨ་སཾ་བྷཱ་ཝཱ་ཡ།
ཆོས་སྐུའི་སྟོན་པ་ཀུན་བཟང་སྣང་མཐའ་ཡས། །
ལོངས་སྐུའི་སྟོན་པ་རྣམ་སྣང་སྤྱན་རས་གཟིགས། །
སྤྲུལ་སྐུའི་སྟོན་པ་པད་འབྱུང་འགྲོ་བའི་མགོན། །
སྐུ་གསུམ་སྟོན་པ་འཁོར་དང་བཅས་ལ་འདུད། །
བཀའ་བབས་ཐུགས་སྲས་རྗེ་འབངས་ཉི་ཤུ་ལྔ། །
མུ་རུབ་སངས་གླིང་ཞིག་གླིང་མཆོག་གྱུར་གླིང་། །
ལུང་ཟིན་ཆོས་བདག་བརྒྱུད་པར་བཅས་རྣམས་དང་། །
ཁྱད་པར་བླ་མ་ནོར་ལྷའི་བརྒྱུད་པར་འདུད། །
རིན་ཆེན་ཁང་བུ་རིན་ཆེན་མཛོད་དང་སྤྲིན། །
རིན་ཆེན་སྙིང་པོ་རིན་ཆེན་བུམ་པ་བཟང་། །
ཡིད་བཞིན་དཔལ་སྙིང་ནོར་ལྷ་ཡོངས་རྫོགས་རྒྱུད། །
གཟུངས་དང་མན་ངག་བཀའ་གཏེར་བརྒྱུད་པར་འདུད། །
མདོར་ན་སྐུ་གསུམ་རྣམ་འདྲེན་རྒྱ་མཚོ་ཡི། །
རྒྱུད་ལུང་གསུང་རབ་རྒྱ་མཚོ་ལ་བརྟེན་པའི། །
ལོངས་སྤྱོད་དཔལ་གཡང་རྒྱ་མཚོ་སྤེལ་ཐབས་ཀྱི། །
གསར་རྙིང་བརྒྱུད་སྲོལ་རྒྱ་མཚོ་ཀུན་ལ་འདུད། །
དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱི། །
ཀ་དག་གཡང་གི་རྒྱ་མཚོ་འཁྱིལ་བའི་དབུས། །
ལྷུན་གྲུབ་ཡིད་བཞིན་ནོར་བུ་འོད་འབར་བས། །
གནས་སྐབས་མཐར་ཐུག་ཕན་དང་བདེ་བ་ཡི། །
བཀྲ་ཤིས་བསམ་དོན་ལྷུན་གྲུབ་དཔལ་འབར་ཤོག །
ཅེས་པ་འདི་ལྟར་དགོས་ཞེས་དགེ་སློང་ཀརྨ་སྒྲུབ་བརྒྱུད་ཚུལ་ཁྲིམས་ཡེ་ཤེས་ཀྱི་གསུང་ངོར་མཁན་པོ་རཏྣས་བྲིས་པ་བི་ཛ་ཡནྟུ། །བཀྲ་ཤིས།། །།