Lama Norlha Descent of Blessings—Tibetan
༄༅། །བླ་མ་ནོར་ལྷའི་བྱིན་འབེབས་རྫོགས་ལྡན་སྤྲིན་གྱི་དངོས་གྲུབ་ནོར་བུའི་གྲུ་ཆར་བཞུགས།
ཨོཾ་སྭསྟི།
ནོར་སྒྲུབ་རིན་ཆེན་བུམ་བཟང་སྐབས། །
བརྗོད་པ་ཚིག་གི་བྱིན་འབེབས་ལ། །
ཞྭ་གོས་ཕོད་ཀ་རྒྱན་གྱིས་བཀླུབས། །
རྔ་རོལ་བརྡུང་བའི་དབྱངས་སྙན་པོས། །
རྩེ་གཅིག་གྱེར་སྒོམ་འདི་ལྟར་བྱ།
ཧཱུྃ་ཧྲཱིཿ རང་སྣང་རྣམ་དག་དོན་གྱི་འོག་མིན་ནས། །
རང་རིག་ཆོས་སྐུའི་བླ་མས་བྱིན་ཆེན་ཕོབ། །
གཞན་སྣང་འགྲོ་འདུལ་སྤྲུལ་སྐུའི་དཀྱིལ་འཁོར་ནས། །
གཞན་དོན་ལྷུན་གྲུབ་གཟུགས་སྐུས་བྱིན་ཆེན་ཕོབ། །
རྒྱ་བལ་ས་མཚམས་སྤོས་རི་ངད་ལྡན་ནས། །
སྐྱེས་མཆོག་ཚུལ་བཟང་བླ་མས་བྱིན་ཆེན་ཕོབ། །
བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །
ནོར་ལྷ་གཏེར་བདག་རྒྱ་མཚོའི་བྱིན་ཆེན་ཕོབ། །
གངས་ཅན་བོད་ཡུལ་གནས་ཆེན་ཉེར་ལྔ་ནས། །
ཐུགས་སྲས་རྗེ་འབངས་ཉེར་ལྔས་བྱིན་ཆེན་ཕོབ། །
ཕྱོགས་བཞི་དབུས་ལྔ་ལ་སོགས་གཏེར་གནས་ནས། །
གཏེར་ཆེན་གཏེར་ཕྲན་རྒྱ་མཚོས་བྱིན་ཆེན་ཕོབ། །
དུར་ཁྲོད་མེ་རི་འབར་བ་ལ་སོགས་ནས། །
ཡི་དམ་ཞི་ཁྲོ་རབ་འབྱམས་བྱིན་ཆེན་ཕོབ། །
ཙཱ་རི་ཏྲ་སོགས་ཉེར་བཞིའི་གནས་ཡུལ་ནས། །
དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བྱིན་ཆེན་ཕོབ། །
ཁམས་གསུམ་ཡོངས་སྒྲོལ་དྲག་པོའི་ཕོ་བྲང་ནས། །
དམ་ཅན་ཆོས་སྐྱོང་རྒྱ་མཚོའི་བྱིན་ཆེན་ཕོབ། །
སྐྱབས་གནས་རྒྱ་མཚོའི་བྱིན་ཆེན་འབེབས་པའི་ཚེ། །
སྦྱིན་པའི་ཕར་ཕྱིན་གཏེར་ཆེན་སྤུངས་སེ་སྤུང༌། །
ཚུལ་ཁྲིམས་རྣམ་དག་སྤོས་དྲི་ཐུ་ལུ་ལུ། །
བཟོད་པའི་གོ་ཆ་རྒྱན་ཆ་སི་ལི་ལི། །
བརྩོན་འགྲུས་མྱུར་མགྱོགས་གར་སྟབས་ཁྱུགས་སེ་ཁྱུག །
བསམ་གཏན་འོད་གསལ་ཟེར་ཐག་སྤྲིངས་སེ་སྤྲིང༌། །
ཤེས་རབ་ཡེ་ཤེས་མེ་དཔུང་འུ་རུ་རུ། །
ཐབས་མཁས་ཐུགས་རྗེའི་རྒྱ་མཚོ་མེ་རེ་རེ། །
སྟོབས་བཅུའི་སྒྲ་དབྱངས་རོལ་མོ་དི་རི་རི། །
སྨོན་ལམ་བདེན་ཚིག་བརྡ་སྐད་ལྷངས་སེ་ལྷང༌། །
ཡེ་ཤེས་ལྔ་ལྡན་འཇའ་འོད་ལམས་སེ་ལམ། །
ཐབས་ཀྱི་དཔའ་བོའི་བྲོ་བརྡུང་ཁྲིགས་སེ་ཁྲིག །
ཤེས་རབ་དཔའ་མོའི་གླུ་དབྱངས་ཀྱུ་རུ་རུ། །
ཟུང་འཇུག་དགྱེས་པའི་གར་སྟབས་ཤིགས་སེ་ཤིག །
དྲག་པོའི་གད་རྒྱང་ཕཊ྄་སྒྲ་སངས་སེ་སང༌། །
སྐལ་ལྡན་མོས་པའི་བུ་ལ་བྱིན་གྱིས་རློབས། །
དགྱེས་ལྡན་ལྷ་ཡི་ཞལ་བཟང་དངོས་སུ་སྟོན། །
འབྱོར་ལྡན་ཚོགས་ཀྱི་མཆོད་པ་བཅུད་ཆེན་ཕོབས། །
དམ་ལྡན་རྣལ་འབྱོར་ཕོ་མོ་སྨིན་གྲོལ་མཛོད། །
ཕྱི་སྣོད་རྣམ་དག་འོག་མིན་ཞིང་དུ་སྒྱུར། །
རང་རྒྱུད་རྣམ་དག་ཡེ་ཤེས་ལྔ་རུ་སྒྱུར། །
ཁྱད་འཕགས་བཞི་ལྡན་གསང་སྔགས་ཟབ་ཆོས་ཀྱིས། །
འབྲེལ་ཚད་དོན་དང་ལྡན་པའི་བྱིན་ཆེན་ཕོབས། །
སྟོན་ཅིག་རྟགས་དང་མཚན་བཟང་མྱུར་དུ་སྟོན། །
སྩོལ་ཅིག་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །
ཟུངས་ཤིག་ཐུགས་རྗེའི་ལྕགས་ཀྱུས་འབྲལ་མེད་ཟུངས། །
སྒྲོལ་ཅིག་བདག་འཛིན་ཉོན་མོངས་དུག་ལྔ་སྒྲོལ། །
ཕོབ་ཅིག་རྡོ་རྗེའི་ཡེ་ཤེས་བྱིན་ཆེན་ཕོབ། །
སྐུར་ཅིག་བྱིན་རླབས་འཕོ་བའི་དབང་ཆེན་སྐུར། །
ཐུགས་དམ་དུས་ལ་བབ་པོ་ས་མ་ཡ། །
བཛྲ་གརྦྷ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཿ
ཞེས་པ་འདི་ལྟར་དགོས་ཞེས་དགེ་བའི་བཤེས་གཉེན་དམ་པ་ལུང་རིགས་ཡོན་ཏན་རྒྱ་མཚོའི་མངའ་བདག་བསོད་ནམས་ལྷ་རྒྱལ་གྱིས་གསུང་བསྐུལ་གནང་ངོར་མཁན་པོ་ཀརྨ་རཏྣས་རྒྱལ་གྱི་ཟླ་བའི་ཡར་ཚེས་ལ་བྲིས་པ་དགེ་བར་གྱུར་ཅིག།།།