Milarepa Guru Yoga—Tibetan
༄༅། །རྗེ་མི་ལའི་བླ་མའི་རྣལ་འབྱོར་ཟླ་བའི་ཐིག་ལེ་ཞེས་བྱ་བ།
དབུས་སུ་རྒྱལ་བའི་སྤྱི་གཟུགས་ཆེ། །
དང་པོ་མི་ལ་ཐོས་པ་དགའ། །
བར་དུ་ཨ་བོ་མཐུ་ཆེན་ཞེས། །
ཐ་མར་རྡོ་རྗེ་རྒྱལ་མཚན་གྲགས། །
ད་ལྟ་བཞེད་པ་རྡོ་རྗེ་ནི། །
ཟྭ་ཚོད་གསོལ་བས་སྐུ་མདོག་སྔོ། །
བདེ་དྲོད་རང་འབར་རས་གཟན་མནབ། །
དཀའ་བ་སྤྱད་པས་སྐུ་ལུས་སྐེམ། །
ཏིང་འཛིན་གཡོ་མེད་ཞབས་སེམས་སྐྱིལ། །
མདུན་དུ་ཚེ་རིང་མས་ཕུལ་བའི། །
བ་མན་རྭ་ཅོ་བདུད་རྩིའི་བཀང་། །
སྙན་རྒྱུད་བེ་བུམ་སྔས་སུ་བཅུག །
ཉེར་སྤྱོད་ཕྲན་བུ་ཟུར་དུ་བཀྲམ། །
ཕྱག་གཉིས་འགྲམ་བརྟེན་གདན་གནོན་མཛད། །
མཚན་དཔེའི་ཞལ་འཛུམ་ཡ་ལ་ལ། །
རྡོ་རྗེའི་མགུར་གླུ་ལྷངས་སེ་ལྷང་། །
ལྷན་སྐྱེས་བདེ་སྟོང་ལམས་སེ་ལམ། །
མཐོང་ཐོས་དྲན་རེག་མྱོང་ཚོར་ཀུན། །
གྲོལ་བ་དྲུག་ལྡན་ཆེན་པོར་གསལ། །
ཤར་དུ་དྭགས་པོ་ལྷ་རྗེ་ནི། །
སྒོམ་ཞྭ་ཆོས་གོས་དགེ་སློང་ཆས། །
ཟག་མེད་ཏིང་འཛིན་རྒྱ་མཚོར་འབྱམས། །
ལྷོ་རུ་རས་ཆུང་རྡོར་གྲགས་ནི། །
རས་ཞྭ་རས་བཟན་རས་པའི་ཆས། །
ཉམས་དབྱངས་མགུར་མ་འུ་རུ་རུ། །
ནུབ་ཏུ་ངན་རྫོང་རས་པ་ནི། །
བླ་གོས་ཐང་ཤམ་བཙུན་པའི་ཆས། །
འོད་གསལ་དགོངས་པ་ལམ་མེ་བ། །
བྱང་དུ་རས་པ་ཞི་བ་འོད། །
སྒོམ་ཐག་ཨཾ་རག་རྣལ་འབྱོར་ཆས། །
གཏད་མེད་ཉམས་རྟོགས་ཟང་ཐལ་ལེ། །
རྗེ་བཙུན་སྐུ་ཡི་ཕྱོགས་མཚམས་སུ། །
ཁྱི་ར་རས་པ་རྔོན་པའི་ཚུལ། །
ལུག་རྫི་རས་པ་རྫི་བོའི་ཚུལ། །
སེ་བན་རས་པ་བནྡྷེའི་ཚུལ། །
དཔའ་དར་འབུམ་ནི་ཉ་མའི་ཚུལ། །
འཇིག་རྟེན་སྣང་བ་དམའ་ཞུམ་མེ། །
ཆོས་ཀྱི་སྣང་བ་མཐོ་ཡེ་རེ། །
གཡས་སུ་སྲིང་མོ་པྲེ་ཏ་མ། །
གཡོན་དུ་མཛའ་མོ་མཛེས་སེ་མ། །
གཉིས་ཀས་རྗེ་བཙུན་ཞལ་ལ་བལྟ། །
འདྲེན་བྱེད་ཆུ་རིས་ཤ་ར་ར། །
སྟེང་དུ་མར་པ་ལོ་ཙཱ་བ། །
བཀའ་བརྒྱུད་བླ་མ་བྱིན་ཐིབས་སེ། །
བར་དུ་རྗེ་བཙུན་སྐུ་ལུས་ལ། །
སྒྱུད་སྡེའི་ལྷ་ཚོགས་ཁྲ་ལམ་མེ། །
འོག་ཏུ་ཚེ་རིང་མཆེད་ལྔ་ལ། །
མཁའ་འགྲོ་ཆོས་སྐྱོང་འུར་ཆེམ་མེ། །
དངོས་གྲུབ་སྣ་ཚོགས་ཆར་ལྟར་འབེབས། །
ཨོཾ་ཨཱཿཧཱུཾ་བཛྲ་མ་ཧཱ་གུ་རུ་ཧ་ས་སརྦ་སིདྡྷི་ཧཱུཾ།
ཞེས་རྗེ་བཙུན་གྱི་སྒྲུབ་གནས་ཀུན་གྱི་ཐོག་མ་གཉའ་ལུང་བསྟན་རྡོ་རྗེ་ཕུག་ཏུ་པདྨ་ཕྲིན་ལས་སྙིང་པོའམ་ཀརྨ་ཕྲིན་ལས་རྒྱ་མཚོས་སྦྱར་བའོ།།