Extracts from Yumka's Longevity Empowerment—Tibetan
༄༅། །ཡུམ་ཀ་མཁའ་འགྲོའི་ལས་ཚོགས་བཞི་པ་དང་འབྲེལ་བར། ཚེ་དབང་གི་མཚམས་སྦྱོར། །
ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །
སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །
དེ་རིང་བཤད་པའི་རིན་ཆེན་གཏེར། །
གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །
སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །
བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །
བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །
འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །
ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །
རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །
དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །
ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །
ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་གཏོར། །
མཐའ་ཡས་རྣམ་པར་རྒྱལ་བ་སྐྱེད་མ། །
མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །
རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བརྟེན་མ།
གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །
དེ་དག་ཐམས་ཅད་བདག་གིས་བགྱི། །
ཁྱོད་ལ་བདག་ཀྱང་ཡོངས་སུ་འབུལ། །
སློབ་མར་བཟུང་ནས་སྤྱད་དུ་གསོལ། །