White Tārā Lineage Prayer—Tibetan
༄༅། །ཇོ་ལུགས་སྒྲོལ་དཀར་བརྒྱུད་འདེབས།
རྒྱལ་ཀུན་ཡུམ་གྱུར་ཡིད་བཞིན་འཁོར་ལོ་དང་། །
གང་དེས་རྗེས་བཟུང་ངག་གི་དབང་ཕྱུག་ཞབས། །
བྱང་ཆུབ་ཐུགས་འབྱོངས་དྷརྨ་ཀཱི་རྟི་སོགས། །
འཕགས་ཡུལ་པཎ་གྲུབ་རྣམས་ལ་གསོལ་བ་འདེབས། །
གངས་ཅན་འགྲོ་བའི་མགོན་པོ་ཨ་ཏི་ཤ །
ཕྱག་ན་པདྨ་འབྲོམ་སྟོན་རིན་པོ་ཆེ། །
ཐུགས་ཀྱི་སྲས་མཆོག་སྤྱན་སྔ་ཆེན་པོ་སོགས། །
རིང་བརྒྱུད་བཤེས་གཉེན་རྣམས་ལ་གསོལ་བ་འདེབས། །
ཟབ་གཏེར་བཀའ་བབས་ཐུགས་མཆོག་རྡོ་རྗེ་རྩལ། །
བརྒྱུད་སྲོལ་ཀུན་འདུས་ཆོས་ཀྱི་གྲགས་པ་དང་། །
འཕགས་མས་བྱིན་བརླབས་མཁྱེན་བརྩེའི་འོད་ཟེར་སོགས། །
ཉེ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །
རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་ལ། །
གུས་པས་ཕྱག་འཚལ་མཆོད་ཅིང་གསོལ་བ་འདེབས། །
ཆོས་ཀྱི་འགལ་རྐྱེན་མཐའ་དག་ཞི་བ་དང་། །
ཚེ་དང་ཡེ་ཤེས་རྒྱས་པར་བྱིན་གྱིས་རློབས།། །།