White Sur Offering—Tibetan
༄༅། །དཀར་གསུར་ཞིང་ཁམས་ཀུན་ཁྱབ།
དཀར་གསུར་ཞིང་ཁམས་ཀུན་ཁྱབ་ཅེས་བྱ་བ། །དཀར་ཕྱེ་གཙང་མ་མར་དཀར་གྱི་ཁུ་བས་སྦགས་པ་སྣུམ་བག་ཅན་གྱི་ཁྲོད། ཤིང་ཏོག །དཀར་གསུམ། མངར་གསུམ། རིན་པོ་ཆེ། བདུད་རྩིའི་ཕུར་མ་སོགས་ཀྱང་བཏགས་ནས་འདྲེས་པར་བྱས་ལ་སོལ་མེ་དང་། སོ་ཏོག་ལ་སོགས་མ་ཡིན་པའི་མེ་ཐལ་འཇམ་པོ་ལ་བཏབ། ཆུ་གཙང་ཁོ་ནས་བྲན།
རང་ཉིད་ཇོ་བོ་ཁ་སར་པཱ་ཎིར་གསལ། སྐྱབས་སེམས་སྔོན་དུ་འགྲོ་བས།
ན་མོ། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །
སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་དེ། །
འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །
འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །
བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །
དུས་ལ་མི་འདའ་ཐུགས་རྗེའི་དབང་གིས་ན། །
སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམ། །
ཡིད་ཀྱིས་སྤྲུལ་ཞིང་བཤམས་པའི་གནས་འདི་རུ། །
རྒྱལ་བ་འཁོར་བཅས་མ་ལུས་གཤེགས་སུ་གསོལ། །
ཞིང་ཁམས་རྒྱ་མཚོའི་མགྲོན་རིགས་མཆོག་དམན་ཐམས་ཅད་བྱོན་ནས་མདུན་གྱི་ནམ་མཁའ་བཞུགས་པར་གྱུར།
ཨོཾ་ཨཱཿཧཱུྃ།
ལན་བདུན་བརྗོད།
དུ་བ་འདི་འདོད་ཡོན་གྱི་ལྷ་མོ་གཟུགས་རྡོ་རྗེ་མ་མཛེས་ཤིང་ལྟ་ན་སྡུག་པ།
དབྱངས་སྙན་པ། དྲི་ཞིམ་པ། རེག་བྱ་འཇམ་པ།
ཕྱག་གཉིས་ན་ལྷའི་བདུད་རྩི་རོ་བརྒྱ་དང་ལྡན་པའི་བུམ་པ་བསྣམས་ནས་མཆོད་པའི་སྤྲིན་ཕུང་དཔག་ཏུ་མེད་པར་སྤྲོ་ཞིང་།
སྣོད་བཅུད་ཀྱི་ཉམས་གྲིབ་དང་རྨུག་པ་དག་པར་བྱེད་པའི་སྤྱི་གཙུག་ན་སངས་རྒྱས་རིན་ཆེན་མངས་ཕྱག་གཡས་མཆོག་སྦྱིན་གྱི་རྒྱས་དབུལ་བ་སེལ་ཞིང་།
འདོད་ཡོན་གྱི་ལོངས་སྤྱོད་ཟད་མི་ཤེས་པའི་གཏེར་དུ་སྤྲུལ་པར་གྱུར།
ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཥེ་བྷྱ་སརྦ་ཏཏཁཾ་ཨུཏྒ་ཏེ་སྥར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ།
ན་མོ་ཆོས་སྐུ་ཀུན་ཏུ་བཟང་པོ་ནས་དྲིན་ཅན་རྩ་བའི་བླ་མའི་བར་དུ་བྱོན་པའི་དགོངས་བརྡ་སྙན་རྒྱུད་ཀྱི་བླ་མ་དམ་པ་མ་ཚང་བ་མེད་པ་རྣམས་དང་།
ཐེག་པ་རིམ་པ་དགུ།
མདོ་སྒྱུ་སེམས་གསུམ།
སྒྲུབ་སྡེ་བཀའ་བརྒྱད་རྒྱུད་སྡེ་ཕྱི་ནང་།
དུས་ཀྱི་འཁོར་ལོ་ཕྱི་ནང་གཞན་གསུམ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་བསམ་ཡས་གྲངས་མེད་པ་ལ་འབུལ་ལོ། །
བདག་གི་རིག་འཛིན་གྱི་སྡོམ་པ་དང་དམ་ཚིག་ལ་ཉེས་པའི་སྐྱོན་བྱུང་བ་ཐམས་ཅད་སོར་ཆུད་ནས།
མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ།
ཨོཾ་ཨཱཿཧཱུྃ།
ཕྱི་སྣོད་ཀྱི་འཇིག་རྟེན་ཡུམ་ལྔའི་རང་བཞིན།
ནང་བཅུད་ཀྱི་སེམས་ཅན་དཔའ་བོ་མཁའ་འགྲོའི་གྲོང་ཁྱེར།
ཡུལ་ཉི་ཤུ་རྩ་བཞི། གནས་སུམ་ཅུ་རྩ་གཉིས།
དུར་ཁྲོད་ཆེན་པོ་བརྒྱད།
མཁའ་སྤྱོད་དང་ས་སྤྱོད་ཀྱི་བདག་པོ་དཔལ་ལྡན་རྡོ་རྗེ་ཕག་མོ།
རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ།
ཁྲོས་མ་ནག་མོ་དང་སེང་གེའི་གདོང་ཅན།
ཀུ་རུ་ཀུ་ལླེ་དང་འོད་ཟེར་ཅན།
དཔལ་དང་ནོར་རྒྱུན་མ།
བཀྲ་ཤིས་ཀྱི་ལྷ་མོ་བརྒྱད།
ཁྲོ་གཉེར་ཅན་དང་རི་ཁྲོད་མ།
ཡུམ་ཆེན་མོ་ལ་སོགས་ཏེ་གསང་སྔགས་དང་རིགས་སྔགས་གཟུངས་སྔགས་ཀྱི་ལྷ་མོ་རྣམས་ལ་འབུལ་ལོ། །
བདག་གི་དམ་ཚིག་ཉམས་ཆག་ཐམས་ཅད་བསྐོངས་ནས་ཕྲིན་ལས་རྣམ་པ་བཞི་ཐོགས་མེད་དུ་འགྲུབ་པ་དང་།
འཆི་ཁར་གནད་གཅོད་ཀྱི་སྡུག་བསྔལ་མི་འབྱུང་ཞིང་ལམ་སྣ་དང་བསུན་མ་མཛད་དུ་གསོལ།
ཨོཾ་ཨཱཿཧཱུྃ།
བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་མཚོན་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས།
སངས་རྒྱས་དགའ་བའི་དཔལ་ལ་སོགས་ཕྱོགས་བཅུ་དང་མར་མེ་མཛད་དང་རྣམ་གཟིགས་ལ་སོགས་པ་དུས་གསུམ་གྱི་སངས་རྒྱས་མཆོག་ཟུང་དང་།
སྒྲ་གཅན་འཛིན་ལ་སོགས་ཉན་ཐོས་ཀྱི་དགེ་འདུན་ཟུང་བཞི་ཡ་བརྒྱད།
རང་སངས་རྒྱས་རིགས་གཉིས།
གནས་བརྟན་ཆེན་པོ་བཅུ་དྲུག་འཁོར་དགྲ་བཅོམ་པའི་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པ་རྣམས་ལ་འབུལ་ལོ། །
བདག་གིས་སོ་སོ་ཐར་པའི་སྡོམ་པ་དང་འགལ་བ་ཐམས་ཅད་སོར་ཆུད་ནས་ངན་སོང་གསུམ་དང་མི་ཁོམ་པའི་གནས་རིགས་ལས་ཐར་ཏེ་ཉན་རང་དགྲ་བཅོམ་པའི་གོ་འཕང་ཐོབ་པར་གྱུར་ཅིག །
ཨོཾ་ཨཱཿཧཱུྃ།
འཕགས་པ་འཇམ་དཔལ་གྱིས་མཚོན་བྱང་ཆུབ་སེམས་དཔའི་དགེ་འདུན་ཉེ་བའི་སྲས་བརྒྱད་རྡོ་རྗེ་སྙིང་པོ་དང་།
བློ་གྲོས་མི་ཟད་པ་ལ་སོགས། བསྐལ་བཟང་གི་སེམས་དཔའ་བཅུ་དྲུག །
ཆོས་འཕགས་དང་། རྟག་ཏུ་ངུ་ལ་སོགས་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་རྣམས་ལ་འབུལ་ལོ། །
བདག་གི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་གསུངས་པའི་ལྷུང་བ་ཉམས་སུ་མྱོང་བ་མཐའ་དག་ལྷག་མེད་དུ་བྱང་ནས་ཐེག་པ་ཆེན་པོའི་ལམ་ལ་བར་ཆད་མེད་པར་གྱུར་ཅིག །
ཨོཾ་ཨཱཿཧཱུྃ།
ཡེ་ཤེས་དང་ལས་ལ་གྲུབ་པའི་ཆོས་སྐྱོང་མ་མགོན་ལྕམ་དྲལ།
དཔལ་མགོན་བདུན་ཅུ་རྩ་ལྔ། དྲེགས་པ་ཕོ་རྒྱུད་མོ་རྒྱུད། ལྷ་ཀླུ་ཡུལ་ལྷ་གཞི་བདག །
འཛམ་བུའི་གླིང་དང་གངས་ཅན་ན་གནས་པའི་དགེ་བསྙེན་དཀར་ཕྱོགས་སྐྱོང་བ་མིང་དང་མཚན་ནས་མ་ཐོན་པ་ཐམས་ཅད་ལ་འབུལ་ལོ། །
སངས་རྒྱས་ཀྱི་བསྟན་པ་སྲུངས།
དཀོན་མཆོག་གི་དབུ་འཕང་བསྟོད།
འཇིག་རྟེན་གྱི་ཁམས་སུ་ཆར་ཆུ་དུས་སུ་ཕོབས།
ནད་མུག་འཁྲུགས་རྩོད་སོལ།
རྣལ་འབྱོར་པ་བདག་ཅག་ཆོས་སྒྲུབ་པའི་བར་ཆད་སྲུང་ཞིང་ཡོན་བདག་དང་གནས་མལ་མཛད་དུ་གསོལ།
ཨོཾ་ཨཱཿཧཱུྃ།
གཞན་ཡང་ལྷ་ཀླུ་མི་དང་བྲམ་ཟེའི་དྲང་སྲོང་བདེན་ཚིག་གྲུབ་པའི་ཚོགས།
གནོད་སྦྱིན་ཛམ་བྷ་ལ།
ལྷན་ཅིག་སྐྱེས་པའི་ལྷ་འགོ་བའི་ལྷ་ལྔ།
ཁྱིམ་ལྷ་དང་ཞིང་ལྷ་ལ་སོགས་ཁར་རྗེ་དང་དབང་ཐང་བསྐྱེད་པའི་ལྷ་འབྱུང་བ་བཞི་དང་རི་དང་ནགས་ཚལ་གྱི་ལྷ་རྣམས་ལ་འབུལ་ལོ། །
བདག་གི་ལེགས་པ་དང་དཀར་པོའི་ཕྱོགས་ཐམས་ཅད་བསྐྱེད་པའི་སྡོང་གྲོགས་མཛད་དུ་གསོལ།
ཨོཾ་ཨཱཿཧཱུྃ།
དྲི་ཟའི་རྒྱལ་པོ་ལྗོན་པ་རྟ་མགོ་ཅན་དང་།
གླུ་དང་གར་ལ་སྲེད་པའི་དྲི་ཟ་རབ་དགའ།
མིའམ་ཅི་གྲོང་ཁྱེར་བར་སྣང་ལ་བཅས་པའི་སྡེ་ཚན་གྱིས་མཚོན་གདོན་གྱི་རིགས་སུ་གྱུར་པ་ཐམས་ཅད་དང་།
ལན་ཆགས་ཤ་འཁོན་ཆགས་པའི་རིགས།
འཕྲོག་མ་མ་བུ་ལྔ་བརྒྱ།
བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་བཅས་པའི་ཚོགས་ལ་འབུལ་ལོ། །
གདོན་དང་གནོད་པ་མ་མཛད།
ཁ་རྗེ་དང་དབང་ཐང་མ་འཕྲོག །
རུ་ང་དང་གདུག་རྩུབ་སྤོངས་ཤིག །
ཨོཾ་ཨཱཿཧཱུྃ།
ཁྱད་པར་དུ་འགྲོ་བ་རིགས་དྲུག །
ལམ་རྒྱུད་ལྔ། སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སྙིང་རྗེའི་མགྲོན་དུ་གྱུར་པ་ཐམས་ཅད་དང་།
དབུལ་ཞིང་ཕོངས་པར་གྱུར་པའི་ཡི་དྭགས་སྡེ་ཚན་གཉིས།
ཁར་སངས་ནངས་སམ།
ན་ནིང་གི་ལོ་ཟླ་ཞག་དུས་ནས་སྔ་མའི་ལུས་རྟེན་བོར།
ཕྱི་མའི་ལུས་རྟེན་མ་རྙེད།
སྲིད་པ་བར་མ་མདོར་ཉམས་ང་བའི་འཕྲང་ལ་སྐྱབས་དང་སྐྱོབ་པ་མེད་པ།
མགོན་དང་དཔུང་གཉེན་མེད་པ།
སྔོན་གྱི་བསགས་རྒྱབ་མེད་པ།
དགེ་བའི་ར་མདའ་ཉུང་བ།
མིང་བཞི་འདུས་པའི་ཕུང་པོ།
ཚོར་བ་སྡུག་བསྔལ་གྱི་རང་བཞིན།
འཇིགས་སྐྲག་འཁྲུལ་སྣང་གིས་མནར་བ།
འཁྱགས་ལྟོགས་སྐོམ་གསུམ་གྱིས་གདུང་བ།
ཚེ་ཚད་ངེས་པ་མེད་པ།
བྱ་སྒྲོ་རླུང་གིས་བཏེག་བ་བཞིན།
གར་འགྲོའི་རང་དབང་དང་བྲལ་བའི་བར་དོའི་སེམས་ཅན་ཆེ་གེ་མོས་གཙོ་བྱས་པའི་བར་དོར་གནས་པ་ཐམས་ཅད་ལ་འབུལ་ལོ། །
གནས་གྲོགས་ལོངས་སྤྱོད་བཟའ་བཏུང་ཕུན་སུམ་ཚོགས་པ་དང་ཕྲད་ནས་བག་ཕེབས་པར་གྱུར་ཅིག །
དེ་ལྟར་གྱུར་པའི་མོད་ལ་འཕགས་པ་སྤྱན་རས་གཟིགས་དང་།
བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་མཐོང་ནས་བར་དོ་ལ་བར་དོ་ཡིན་པར་ངོ་ཤེས།
འཁྲུལ་སྣང་རྒྱས་ཐེབས། བླ་མ་དང་དཀོན་མཆོག།
ཡི་དམ་དང་ལྟ་བ་རྗེས་སུ་དྲན་ཏེ།
ལས་ངན་པའི་སྒྲིབ་པ་སྐད་ཅིག་ལ་དག་ནས་རིག་པ་ལ་རང་དབང་ཐོབ།
བདེ་བ་ཅན་དང་པདྨ་འོད་ལ་སོགས་པའི་ཞིང་ཁམས་ཁྱད་པར་ཅན་བཙན་ཐབས་སུ་བགྲོད་ནུས་པར་ཤོག་ཅིག །
རྒྱལ་བ་མཆོད་པས་མཉེས་གྱུར་ཅིག །
དམ་ཅན་ཐུགས་དམ་བསྐང་གྱུར་ཅིག །
རིགས་དྲུག་འདོད་པ་ཚིམ་གྱུར་ཅིག །
ལན་ཆགས་བུ་ལོན་འཁོར་གྱུར་ཅིག །
ཁམས་གསུམ་དག་པའི་ཞིང་།
སྲིད་གསུམ་ཐུགས་རྗེའི་མགྲོན།
མ་ལུས་ཁྱབ་པའི་ཟས།
ཆོས་ཉིད་ནུས་པའི་མཐུས།
འདོད་ཡོན་མི་ཟད་པའི་གཏེར་ལ་ལོངས་སྤྱོད་པར་གྱུར་ཅིག །
སྡིག་པ་ཅི་ཡང་མི་བྱ་སྟེ། །
དགེ་བ་ཕུན་སུམ་ཚོགས་པར་སྤྱད། །
རང་གི་སེམས་ནི་ཡོངས་སུ་གདུལ། །
འདི་ནི་སངས་རྒྱས་བསྟན་པ་ཡིན། །
སོགས་པས་ཆོས་སྦྱིན་དང་བསྔོ་སྨོན་ཀྱང་བྱའོ། །
རང་བྱུང་རྡོ་རྗེས་གཞན་ལ་ཕན་པའི་བློས་བཀོད་པའོ།།