Rigdzin Düpa Fire Offering—Tibetan
༄༅། །རིག་འཛིན་ཞི་བའི་སྒོ་ནས་སྦྱིན་སྲེག་ཡེ་ཤེས་མེ་ལྕེ་བཞུགས།
དཀྱིལ་འཁོར་རྒྱ་མཚོའི་བདག་ཉིད་ཧེ་རུ་ཀ །
རོལ་རྩལ་འགག་མེད་ཡེ་ཤེས་ཀློང་དགུའི་གར། །
སྒྱུར་ལ་ཞི་དང་ཁྲོ་བོའི་རྣམ་རོལ་པ། །
གདོད་ནས་ཡོངས་གྲོལ་རིག་འཛིན་བླ་མར་འདུད། །
དེ་ཡང་རིག་འཛིན་ཞི་བ་ལ་བརྟེན་ནས་བསྙེན་སྒྲུབ་ཀྱི་ཁ་སྐོང་དང་། དགོས་པ་ཁྱད་པར་བ་སོགས་ཀྱི་སླད་དུ་ཞི་བའི་སྦྱིན་སྲེག་ཇི་ལྟར་བྱ་བའི་ཚུལ་ལ་གསུམ།
དང་པོ་སྔོན་འགྲོ་ནི།
གང་དུ་བྱ་བའི་གཞི་དེའི་ས་མ་དུལ་བ་ཡིན་ན། བདག་གི་རྣལ་འབྱོར་ལ་སྙེམས་པས་གཞི་བདག་ལ་གཏོར་མ་བསྔོ། རྡོ་རྗེ་དང་བཅས་པའི་ལག་གཡས་ས་ལ་བཞག་སྟེ། ཧེ་རུ་ཀའི་སྔགས་ཀྱིས་ཀུན་རྫོབ་ཙམ་དུ་སྦྱང་ཞིང་། ཆོས་ཐམས་ཅད་གདོད་མ་ནས་སྟོང་ཞིང་བདག་མེད་པར་རྟོགས་པའི་ངེས་ཤེས་ཀྱིས་དོན་དམ་པའི་སྦྱོང་བ་ཙམ་བྱས་རྗེས།
ཞི་བྱེད་དམིགས་བསལ་ལམ། ཡང་ན་བཀྲ་ཤིས་པའི་ས་ལ་སྟེགས་བུ་གྲུ་བཞི་པའི་དབུས་སུ་མུ་ཁྱུད་གསུམ་གྱིས་བསྐོར་བའི་ལྟེ་བར་པདྨ་དང་། མུ་ཁྱུད་གཉིས་པར་པདྨ་འདབ་བརྒྱད། གསུམ་པར་རྡོ་རྗེའི་ཕྲེང་བ། ཐབ་སྟེགས་ཀྱི་ཟུར་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་བྲིས་པའི་སྟེང་དུ་ལྕི་བ་སེ་ཁ་མ་སྲོག་ཆགས་མེད་པ་བརྩིག
རང་གི་གཡས་ཕྱོགས་སུ་ཁེབས་དཀར་པོས་བཀབ་པའི་སྟེགས་ཀྱི་ཁར་རིམ་པ་བཞིན་དུ་འོ་མ་ཅན་གྱི་ཤིང་ཚད་ལྡན་བོད་དུ་མེད་མོད་ཀྱང་། རིགས་མཐུན་ཙམ་དུ་བལ་བུ་ལ་སོགས་སྤྱི་མཐུན་གྱི་ཡམ་ཤིང་མཐོ་གང་བ།
མངར་གསུམ་དང་། མར་ཁུས་ཉུགས་པ། མར་དཀར་གྱི་ཁུ་བ་མངར་གསུམ་དང་སྦྱར་བའི་ཞུན་མར། ཏིལ་དཀར་པོ། གུར་གུམ། འོ་མ། དཀར་གསུམ་དང་བཅས་པའི་ཞོ་ཟན། འབྲས་མ་བྲུབས་པ། སོ་བ་ཤུབ་ལྡན་གྲ་མ་མེད་པ། ནས། སྲན། གྲོ། དུར་ཝ། ཀུ་ཤ་རྣམས་རང་རང་གི་ལྷད་དང་མ་འདྲེས་པ།
གཞན་ཡང་དུག་རིགས་བཤལ་སྨན་སོགས་མ་འདྲེས་པའི་སྨན་སྣ། རིན་པོ་ཆེ། ཤིང་ཏོག ཙམ་པ་ཀའི་མེ་ཏོག སྤོས་དཀར། དར་སྣ་ལ་སོགས་ཁྱད་པར་གྱི་རྫས་རྣམས་མེ་ལྷ་དང་དཀྱིལ་འཁོར་སོ་སོའི་རིམ་པས་ཚར་གཉིས་སུ་མང་ཉུང་དང་བཅས་བཤམ་ཞིང་ཐབ་རྫས་ཐམས་ཅད་དཀར་པོར་བསྒྱུར།
གཡོན་ངོས་སུ་གཏོར་སྟེགས་ཀྱི་ཁར་འཇིག་རྟེན་ལས་འདས་མ་འདས་ཀྱི་གཏོར་མ་དང་། སྨན་རག་ཆུ་གཉིས་སོགས་ཉེར་སྤྱོད། ལས་བུམ། སྤྲོ་ན་ཚོགས་ཀྱི་ཡོ་བྱད་དང་བཅས་འདུ་བྱའོ།
༈ གཉིས་པ་དངོས་གཞི་ལ་གསུམ།
སྲེག་བྱེད་མེའི་ལས་ལ་གནང་བ་ཞུ་བའི་ཕྱིར་དེའི་བདག་པོ་འཇིག་རྟེན་པའི་མེ་ལྷ་མཆོད་པ། དགོས་དོན་དཀྱིལ་འཁོར་གྱི་འཁོར་ལོ་དངོས་ལ་མཆོད་པ། མེ་ལྷར་གཏང་རག་གཏོང་བ་གསུམ་ལས།
དང་པོ་ནི།
ཡར་ངོའི་བཀྲ་ཤིས་ཀྱི་གཟའ་སྐར་ཕུན་སུམ་ཚོགས་པའི་སྲོད་ཀྱི་ཆའམ། སྔ་དྲོའི་ཚེ་ཀུ་ཤ་སོགས་གཙང་མའི་སྟན་ལ་ཞི་དུལ་གྱི་སེམས་དང་བཅས་ཤིང་ཆས་གོས་དཀར་པོ་དང་ལྡན་པས་སེམས་དཔའི་སྐྱིལ་ཀྲུང་གིས་གདོང་ཤར་དུ་ཕྱོགས་ནས་རྡོར་དྲིལ།
ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ་ཀྱིས་བསངས།
ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ་གིས་སྦྱངས།
སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ་དང་།
ཨ་ལས་བྱུང་བའི་དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པ།
གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །
ༀ་མ་ཧཱ་བཛྲ་ཧཱུྃ།
ཞེས་རྡོ་རྗེ་ཐུགས་ཀར་གསོར།
ༀ་བཛྲ་གྷཎྜེ་ཨ།
ཞེས་དྲིལ་བུ་འཁྲོལ་ཞིང་དཀུར་བརྟེན།
ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾཿ
ཞེས་ཐུགས་ཀར་འཁྱུད་རྒྱ་བྱ། དགང་བླུགས་བསང་སྦྱངས།
རང་གི་སྙིང་ག་ནས་འོད་ཟེར་འཕྲོས་ཡེ་ཤེས་ལྷའི་ཐུགས་རྒྱུད་བསྐུལ།
ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡེ་ཤེས་སེམས་དཔའ་འོད་ཟེར་གྱི་ཚུལ་དུ་བཀུག
དགང་བླུགས་ལ་ཐིམ་པས་དངོས་གྲུབ་ཐམས་ཅད་འབྱུང་བའི་དམ་ཚིག་གི་ཡོ་བྱད་དུ་གྱུར།
མཆོད་སྲེག་གི་རྫས་རྣམས་བསང་སྦྱངས།
ཧཱུྃ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །
རང་བྱུང་མཆོད་པའི་ཕུང་པོ་ནི། །
ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ། །
དཔག་ཡས་ནམ་མཁའ་གང་བར་གྱུར། །
ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ༀ་བཛྲ་པཱ་དྱཾ་ཨཱཿཧཱུྃ། ༀ་བཛྲ་པུཥྤེ་ཨཱཿཧཱུྃ། ༀ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ༀ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ༀ་བཛྲ་གྷནྡྷེ་ཨཱཿཧཱུྃ། ༀ་བཛྲ་ནཻ་ཝི་དྱཱ་ཨཱཿཧཱུྃ། ༀ་བཛྲ་ཤཔྟ་ཨཱཿཧཱུྃ། ཞེས་བརྗོད།
ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཿ
ༀ་ཨཱཿཧཱུྃ་མཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཿ
ༀ་ཨཱཿཧཱུྃ་མཧཱ་བ་ལིངྟ་ཏེ་ཛྭ་བ་ལིངྟ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཿ
ཞེས་མཆོད་རྫས་རྣམས་བྱིན་གྱིས་བཪླབས། སྲེག་རྫས་རྣམས་ལ་བདུད་རྩི་བྲན་ལ་རྡོ་རྗེ་རྩེ་གཅིག་པའི་རྒྱས་རེག་ཅིང་།
ༀ་སྭཱ་ཧཱ།
ཞེས་རྫས་རྣམས་བཀྲུས་པར་བསམ། ཕྱག་རྒྱ་དེ་ཉིད་ཀྱིས་ཡམ་ཤིང་ལ།
ༀ་ཤྲཱིཾ་སྭཱ་ཧཱ།
ཞུན་མར་ལ།
ༀ་ཛིཾ་སྭཱ་ཧཱ།
རྫས་གཞན་རྣམས་ལ།
ༀ་ཀུ་རུ་ཀུ་རུ་སྭཱ་ཧཱ།
རྫས་རྣམས་ཀྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཏེ་སྟོང་པར་གྱུར།
སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་བདུད་རྩིའི་བཅུད་ཅན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་སོ་སོའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་གྱུར་པར་བསམ།
ༀ་བི་མ་ལ་ཨག་ན་ཡེ་སྭཱ་ཧཱ།
ༀ་པེ་ཤེ་ཧསྟ་བཛྲ་ཡེ་སྭཱ་ཧཱ།
ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ།
ༀ་སརྦ་སཾ་བྷ་དེ་སྭཱ་ཧཱ།
ༀ་བཛྲ་པུཥྚ་ཡེ་སྭཱ་ཧཱ།
ༀ་བཛྲ་བཱི་ཛ་ཡེ་སྭཱ་ཧཱ།
ༀ་མ་ཧཱ་བེ་ག་ཡ་སྭཱ་ཧཱ།
ༀ་མ་ཧཱ་བཱ་ལ་ཡ་སྭཱ་ཧཱ།
ༀ་བཛྲ་གསྨ་རེ་སྭཱ་ཧཱ།
ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ།
ༀ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ།
རྫས་གཞན་རྣམས་ལ།
ༀ་ཨ་ཧ་ར་ཨ་ཧ་ར་ཕུ་ལེ་མ་ཧཱ་ད་ར་ཕེ་ཤ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ།
ཞེས་ལན་གསུམ་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ། །
དེ་ནས་གཙུབ་ཤིང་ལས་བྱུང་བའམ། དགོན་པ་ལས་བྱུང་བའི་མེ་དུ་བ་མེད་པས་སྦར་ལ།
ༀ་ཛྭ་ལ་ཛྭ་ལ་ཧཱུྃ།
རླུང་གཡབ་ཀྱིས་གཡོབ་ཅིང་།
ཧཱུྃ་ཧཱུྃ་ཧཱུྃ།
ཞེས་བརྗོད། དེ་ནས་ཀུ་ཤ་སྔོ་ལྗང་དྲི་མེད་ལ་ལས་ཆུས་བསངས་ཏེ།
ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་སརྦ་བིག་ནཾ་ནཱ་ཤ་ཡ་ཧཱུྃ་ཕཊཿ
ༀ། ཀུ་ཤ་འདི་ནི་གཙང་ཞིང་དགེ། །
ཚངས་པ་ལྷ་རྣམས་དག་བྱེད་ཡིན། །
དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །
ས་ལས་སྐྱེས་པ་འདབ་མའི་སྙིང་། །
བདག་གི་བགེགས་རྣམས་ཐམས་ཅད་ནི། །
ཞི་དང་བཀྲ་ཤིས་མཛད་དུ་གསོལ། །
སྭཱ་ཧཱ།
ཞེས་ཀུ་ཤ་རྣམས་ཐབ་ཀྱི་ཁ་ཁྱེར་ལ་རྒྱབ་མའི་རྩེ་མོ་མདུན་མའི་རྩ་བས་ནོན་པར་བྱ་ཞིང་ཆུན་པོ་ཆེ་བ་བ་ལང་གི་རྣ་བ་ལྟ་བུ་ཧ་ཅང་མི་རིང་བས་སྟེང་ནས་བཀབ་བོ། །
དེ་ནས་ལས་ཆུ་འཐོར་ཞིང་མེ་ཐབ་བསང་སྦྱངས།
སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པ།
མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ་དང་།
ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བས་བསྐོར་ཞིང་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ།
རྒྱ་དཔང་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་པ་དང་།
ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་དཀར་པོ་ལས་དབྱུག་ཏོ་དཀར་པོ་རཾ་གྱིས་མཚན་པར་གྱུར་ཏེ།
དེ་ལས་མེ་ལྷ་དཀར་པོ་དྲང་སྲོང་གི་ཆ་བྱད་ཅན།
ཤ་སྐེམ་པ་ཚངས་པའི་སྐུད་པ་དཀར་པོ་དང་ལྡན་པ།
ཞལ་གཅིག་ཕྱག་བཞི་པ།
གཡས་དང་པོས་དབྱུག་ཐོ།
གཉིས་པ་ན་བགྲང་ཕྲེང་།
གཡོན་དང་པོ་ན་རིལ་བ་སྤྱི་བླུགས།
གཡོན་གཉིས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན།
དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར།
དེའི་སྤྱི་བོར་ༀ་དཀར་པོ།
མགྲིན་པར་ཨཱཿདམར་པོ།
ཐུགས་ཀར་ཧཱུྃ་སྔོན་པོ།
བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་སྤྱན་དྲངས་པར་གྱུར།
ལག་གཡས་མི་འཇིགས་པའི་རྒྱ་དང་མཐེ་བོང་གཡབ་ཅིང་།
ༀ། ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །
མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །
སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །
འབར་བའི་གདན་ལ་བཞུགས་སུ་གསོལ། །
ༀ་བ་བཱ་ག་ཨགྣེ་ཨ་གཙྪ་ཡ།
མ་མ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ།
ཞེས་མདུན་གྱི་ནམ་མཁར་བཞུགས་པ་ལ་ལས་ཆུ་དང་སྔགས་ཀྱིས་བགེགས་བསྐྲད།
ༀ་བཛྲ་ཨཾ་ཀུ་ཤ་ཛཿ
ལྕགས་ཀྱུའི་ཕྱག་རྒྱས་དགུག
ༀ་བཛྲ་པཱ་ཤ་ཧཱུྃ།
ཞགས་པའི་ཕྱག་རྒྱས་གཞུག
ༀ་བཛྲ་སྥོ་ཊ་བཾ།
ལྕགས་སྒྲོག་གི་ཕྱག་རྒྱས་གཉིས་མེད་དུ་བྱ།
ༀ་བཛྲ་གྷཎྜེ་ཧོཿ
དྲིལ་བུའི་ཕྱག་རྒྱས་དགྱེས་པ་བསྐྱེད།
སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་འགྱུར་བའི། །
སྤོས་དང་སྨན་སྦྱར་ཆུ་གཙང་དམ་པ་འདིས། །
མི་གཙང་དྲི་མའི་ཚོགས་རྣམས་དག་གྱུར་ཅིག །
ༀ་སྭ་བྷཱ་ཝ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ།
བདག་ཅག་མེ་ཏོག་སྤོས་རབ་དང་། །
སྦྱིན་སྲེག་མཆོད་པ་འདི་འབུལ་གྱིས། །
བཞེས་ནས་བདག་ལ་དགྱེས་པར་མཛོད། །
ༀ་བཛྲ་པུཥྤེ་པྲ་ཏཱིཙྪ་ཧོཿ ༀ་བཛྲ་དྷཱུ་པེ་པྲ་ཏཱིཙྪ་ཧོཿ ༀ་བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་ཧོཿ ༀ་བཛྲ་གྷནྡྷེ་པྲ་ཏཱིཙྪ་ཧོཿ ༀ་བཛྲ་ནཻ་ཝི་དྱཱ་པྲ་ཏཱིཙྪ་ཧོཿ ༀ་བཛྲ་ཤཔྟ་པྲ་ཏཱིཙྪ་ཧོཿ
ཞེས་མཆོད།
ཧཱུྃ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །
འདོད་པ་ཐམས་ཅད་སྩོལ་མཛད་པའི། །
བདག་གཞན་དོན་སྒྲུབ་པ་ལ་བཞུགས། །
འཛིན་བྱེད་མེ་ལྷ་ཉིད་ལ་འདུད། །
མེ་ལྷ་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པས།
སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་གྱུར།
ལག་གཉིས་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་དགང་བླུགས་བཟུང་ནས།
ༀ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ།
ཞེས་བླུགས་གཟར་བདུན་གྱིས་ཕུལ་རྗེས་ཁ་སྦྱར་ལ་གཡས་སུ་བསྐོར་ཞིང་།
ༀ་བ་བཱ་ག་ཨགྣ་ཡེ་སྭཱ་ཧཱ།
བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ།
ཞེས་ལན་གསུམ་གྱིས་བྱོན་སྐྱེམས་ཕུལ། མེ་པྲ་བརྟག
དེ་ནས་རྫས་རྣམས་ཞུ་བའི་རང་བཞིན་ཅན་ཞལ་དང་། ཡམ་ཤིང་། དུར་ཝ། ཀུ་ཤ་སོགས་འོད་ཀྱི་དཀྱིལ་འཁོར་དང་། ཞོ་ཟན་དང་རིལ་བུ་སོགས་ཕྱག་གི་མཚོན་པར་ཕུལ་བར་མོས་ཟེར་ཏེ་བདུད་རྩིའི་རང་བཞིན་དུ་ཤེས་ན་རྣམ་པའི་རྟོག་དཔྱོད་ལ་མི་ལྟོས་མོད། ཇི་ལྟར་ཡང་། ལག་གིས་བཟུང་དུ་བཏུབ་པ་རྣམས་གཡས་པའི་མཐེབ་སྲིན་སྦྱར་བའི་མཆོག་སྦྱིན་གྱི་ཚུལ་དང་། དེ་ལས་གཞན་པ་རྣམས་བླུགས་གཟར་གྱིས་དབུལ་ཞིང་འབུལ་སྔགས་དང་གོ་རིམ་ནི། ཡམ་ཤིང་།
ༀ་པེ་ཤེ་ཧསྟ་བཛྲ་སྭཱ་ཧཱ།
མར་ཁུ།
ༀ་བི་མ་ལ་ཨགྣེ་སྭཱ་ཧཱ།
ཏིལ།
ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ།
ཞོ་ཟན་དང་ཟས་མཆོག
ༀ་སརྦ་སཾ་བྷ་དེ་སྭཱ་ཧཱ།
འབྲས།
ༀ་བཛྲ་པུཥྚ་ཡེ་སྭཱ་ཧཱ།
སོ་བ།
ༀ་བཛྲ་བཱི་ཛ་ཡ་སྭཱ་ཧཱ།
ནས།
ༀ་མ་ཧཱ་བེ་ག་ཡ་སྭཱ་ཧཱ།
སྲན་མ།
ༀ་མ་ཧཱ་བཱ་ལ་ཡ་སྭཱ་ཧཱ།
གྲོ།
ༀ་བཛྲ་གྷསྨ་རི་སྭཱ་ཧཱ།
དུར་ཝ།
ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ།
ཀུ་ཤ
ༀ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ།
རྫས་གཞན་རྣམས།
ༀ་ཨ་ཧ་ར་ཨ་ཧ་ར་ཕུ་ལེ་མ་ཧཱ་ད་ར་ཕེ་ཤ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ།
ཞེས་བདུན་ལ་སོགས་པས་ཕུལ་བའི་མཐར་བྱེ་བྲག་གི་སྤེལ་ཚིག་གཞན་ལས་བྱུང་བ་ལྟར་སྤྱི་ཁྱབ་ཏུ།
བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ།
དེའི་ཚེ་དམིགས་པ་ནི།
མེ་ལྷའི་འོད་ཀྱིས་རང་ངམ་བསྒྲུབ་བྱའི་སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་བ་སྤུའི་བུ་ག་ཀུན་ནས་བཏོན་ཏེ་སྲེག་རྫས་ལ་བསྟིམ།
ཡེ་ཤེས་བདུད་རྩིའི་ངོ་བོར་མཆོད་པ་ནི་མན་ངག་ཡིན་ལ། དེ་བཞིན་དུ་ནད་གདོན་དགྲ་བགེགས་འབྱུང་པོའི་འཚེ་བ་ཞི་བ་སོགས་ལ་ཡང་རིག་པས་འཕྲུལ་ཤེས་པར་བྱའོ། །དེ་ནས་
ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ནཱཾ་ཨཱ་དྱ་ནུཏྤནྣ་ཏྭ་ཏ་ༀ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ།
ཞེས་ལན་གསུམ་གྱིས་གཏོར་མ་བསྔོ།
བསྟོད་པ་ནི།
ཚངས་པ་འཇིག་རྟེན་མགོན་གྱི་སྲས། །
མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །
འབྱུང་པོ་ཡོངས་སུ་སྐྱོབ་པའི་ཕྱིར། །
ཐུགས་རྗེའི་དབང་གིས་སྐུར་སྤྲུལ་པ། །
རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ། །
ཉོན་མོངས་བསྲེགས་པའི་ཤེས་རབ་འོད།།
བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །
མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །
ཐབས་ཀྱི་སྤྲུལ་པ་ཐེག་པ་བཅིབས། །
བགྲང་ཕྲེང་འཛིན་ཅིང་རིག་སྔགས་གསུང་། །
བདུད་རྩིའི་བཅུད་ལྡན་གནྡྷེ་བསྣམས། །
ཆོས་ཀྱི་བདུད་རྩིས་ཡོངས་ལ་བསིིལ། །
ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །
འཇིག་རྟེན་གནས་ཀྱང་མྱ་ངན་འདའ། །
ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །
དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །
ༀ་བཛྲ་ས་ཏྭ་ས་མ་ཡ་
སོགས་ཡིག་བརྒྱས་ནོངས་པ་བཤགས།
ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བཪླབས་ནས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ།
ༀ་ཨཱཿཧཱུྃ་མུཾཿ
ཡེ་ཤེས་ཀྱི་མེ་ལྷ་ཐབ་ཀྱི་ཤར་ལྷོར་གཤེགས་པར་གྱུར།
གཉིས་པ་དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པ་ནི།
ཧཱུྃ། མེ་ལྷ་འབར་ཞིང་སྲེག་པའི་ཀློང་། །
ཕོ་བྲང་གཞལ་མེད་ཉམས་དགའ་བ༔
གྲུ་བཞི་སྒོ་བཞི་མཚན་ཉིད་ལྡན༔
བརྡ་དོན་རྟགས་གསུམ་ཡོངས་རྫོགས་པའི༔
ཕྱི་ནང་ཟང་ཐལ་ཆེན་པོའི་དབུས༔
སྣ་ཚོགས་པདྨ་ཉི་ཟླའི་སྟེང་༔
ཧཱུྃ་ལས་སྐད་ཅིག་དྲན་རྫོགས་སུ༔
བདག་ཉིད་སངས་རྒྱས་ཀུན་གྱི་དངོས༔
སྣང་སྲིད་ཟིལ་གནོན་པདྨ་འབྱུང་༔
ཞལ་གཅིག་ཕྱག་གཉིས་དཀར་དམར་མདངས༔
ཐེག་གསུམ་རྫོགས་པའི་བརྡ་རྟགས་སུ༔
ཕོད་ཁ་ཆོས་གོས་བེར་འདུང་མནབས༔
ཕྱག་གཡས་རྡོ་རྗེ་རྩེ་ལྔ་བསྡིགས༔
གཡོན་པས་བྷནྡྷ་ཚེ་བུམ་བསྣམས༔
མཆན་ཁུང་གཡོན་ན་ལྷ་ལྕམ་མཛེས༔
དབུ་ལ་པདྨའི་མཉེན་ཞུ་གསོལ༔
རྒྱལ་པོ་རོལ་པའི་སྟབས་སུ་འགྱིང་༔
དབུ་གཙུག་འཇའ་ཟེར་ཐིག་ལེའི་ཀློང་༔
དགའ་རབ་རྡོ་རྗེ་ལོངས་སྐུའི་ཆས༔
དཀར་གསལ་རྡོར་དྲིལ་ཐུགས་ཀར་བསྣོལ༔
དེ་ཡི་དབུ་གཙུག་ཐོག་མའི་མགོན༔
ཀུན་བཟང་ཡབ་ཡུམ་ནམ་མཁའི་མདོག༔
ཕྱི་འཁོར་པདྨ་འདབ་བརྒྱད་སྟེང་༔
འོད་ལྔའི་ཐིག་ལེ་ཟླུམ་སྐོར་དབུས༔
དཔལ་ཆེན་གྲུབ་པའི་རིག་འཛིན་བརྒྱད༔
ཀུན་ཀྱང་ཧེ་རུ་ཀ་པའི་ཆས༔
ཕྱག་གཉིས་ཌཱ་རུ་དྲིལ་བུ་འཁྲོལ༔
སྟང་སྟབས་ཕྱག་རྒྱ་གར་གྱིས་རོལ༔
ཕྱོགས་བཞི་ཕྱོགས་མདོག་མཚམས་བཞི་མཐིང་༔
སྒྲུབ་སྡེ་བརྒྱད་ཀྱི་ངོ་བོར་གསལ༔
བར་མཚམས་རྒྱ་བོད་རིག་འཛིན་དང་༔
སྤྲུལ་པའི་རྗེ་འབངས་ཉི་ཤུ་ལྔ༔
རྣམ་འགྱུར་ཆ་ལུགས་མ་ངེས་ཤིང་༔
རྡོ་རྗེའི་གར་སྟབས་ཅིར་ཡང་བསྒྱུར༔
སྟེང་ཕྱོགས་རྒྱུད་སྡེ་བཞི་དྲུག་གི༔
ཡི་དམ་དཔའ་བོ་མཁའ་འགྲོའི་ཚོགས༔
ཏིལ་གྱི་གོང་བུ་ལྟ་བུར་བཞུགས༔
ཕྱི་ཁྱམས་དཔལ་མགོན་བདུན་ཅུ་དང་༔
དབང་ཕྱུག་ཉི་ཤུ་རྩ་བརྒྱད་སོགས༔
བཀའ་སྡོད་དམ་ཅན་རླུང་ལྟར་འཚུབས༔
སྒོ་བཞིར་གིང་ཆེན་སྡེ་བཞི་གསལ༔
ཀུན་ཀྱང་སྣང་སྟོང་རོལ་པའི་ངང་༔
གསལ་ལ་མ་འདྲེས་ལྷུན་གྱིས་གྲུབ༔
གནས་གསུམ་ཡི་གེ་གསུམ་གྱིས་མཚན༔
རྡོ་རྗེ་གསུམ་གྱི་ངོ་བོར་གྲུབ༔
དེ་ལས་འོད་ཟེར་རབ་འཕྲོས་པས༔
རང་བཞིན་ཆོས་དབྱིངས་གནས་མཆོག་དང་༔
ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་ཞིང་༔
གནས་ཡུལ་དུར་ཁྲོད་བརྒྱད་སོགས་དང་༔
ཁྱད་པར་རྔ་ཡབ་ལངྐའི་གླིང་༔
ཟངས་མདོག་དཔལ་གྱི་རི་བོ་ནས༔
རིག་འཛིན་འདུས་པའི་དཀྱིལ་འཁོར་ལྷ༔
སྤྱན་འདྲེན་གནས་འདིར་ས་མཱ་ཛཿ
སྤྱན་འདྲེན་ནི།
ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔
ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔
པདྨ་གེ་སར་སྡོང་པོ་ལ༔
ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔
པདྨ་འབྱུང་གནས་ཞེས་སུ་གྲགས༔
འཁོར་དུ་མཁའ་འགྲོ་མང་པོ་དང་༔
རིག་འཛིན་གྲུབ་ཐོབ་རྒྱ་མཚོས་བསྐོར༔
ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔
བྱིན་གྱིས་བཪླབ་་ཕྱིར་གཤེགས་སུ་གསོལ༔
གནས་མཆོག་འདི་རུ་བྱིན་ཕོབ་ལ༔
སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔
བགེགས་དང་ལོག་འདྲེན་བར་ཆད་སོལ༔
མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔
ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ བཛྲ་ས་མ་ཡ་ཛཿཛཿ
བཞུགས་སུ་གསོལ་བ་ནི།
ཧཱུྃ༔ ཐབས་ཀྱིས་བསྐྱེད་པའི་དཀྱིལ་འཁོར་འདིར༔
ཤེས་རབ་དབྱིངས་ནས་དྲངས་པའི་ལྷ༔
རིག་འཛིན་བླ་མའི་དཀྱིལ་འཁོར་རྣམས༔
གཉིས་མེད་ངང་དུ་དགྱེས་པར་བཞུགས༔
བཛྲ་ས་མ་ཡ་ཏིཥྛ་ལྷན༔
ཕྱག་འཚལ་བ་ནི།
ཧཱུྃ༔ ལྷ་ཉིད་རང་ལ་རང་ཉིད་ལྷ༔
རང་བྱུང་སྤྲུལ་པའི་དཀྱིལ་འཁོར་ལ༔
བཟང་ངན་བླང་དོར་མ་མཆིས་ཀྱང་༔
རྟེན་འབྲེལ་བརྡ་ཡིས་ཕྱག་འཚལ་ལོ༔
ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ
བྱོན་སྐྱེམས་ནི།
དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལས་འོད་ཟེར་དཀར་པོའི་རང་བཞིན་ཞིང་ཁམས་ཀུན་ཏུ་ཁྱབ་པར་ཤར་བས་ཞི་བའི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པ་ལ་ཆེས་དཔའ་ཞིང་།
དེ་ཐམས་ཅད་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རྡོ་རྗེ་དཀར་པོའི་རྣམ་པ་ཅན་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བ་མཚན་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་གྱུར།
ན་མཿས་མནྟ་བུདྡྷ་ནཱཾ།
ༀ་ཨགྣ་ཡེ་སྭཱ་ཧཱ།
ཞེས་པ་ལན་བདུན་གྱིས་དགང་བླུགས་ཕུལ་ཞིང་།
ༀ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔
ནད་གདོན་སྡིག་སྒྲིབ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ།
ཞེས་ལན་གསུམ་གྱིས་པུས་མོའི་བར་དུ་བསྐོར་ཞིང་འབུལ་བའམ། ཡང་ན་སྔགས་ལ་འདོད་གསོལ་དམིགས་བསལ་སྦྱར་བས་ཕུལ། སྤྱི་ལ།
ཡམ་ཤིང་།
ༀ་པེ་ཤེ་ཧསྟ་བཛྲ་སྭཱ་ཧཱ།
མར་ཁུ།
ༀ་བི་མ་ལ་ཨགྣེ་སྭཱ་ཧཱ།
ཏིལ།
ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ།
ཞོ་ཟན་དང་ཟས་མཆོག
ༀ་སརྦ་སཾ་བྷ་དེ་སྭཱ་ཧཱ།
འབྲས།
ༀ་བཛྲ་པུཥྚ་ཡེ་སྭཱ་ཧཱ།
སོ་བ།
ༀ་བཛྲ་བི་ཛ་ཡ་སྭཱ་ཧཱ།
ནས།
ༀ་མ་ཧཱ་བེ་ག་ཡ་སྭཱ་ཧཱ།
སྲན་མ།
ༀ་མ་ཧཱ་བཱ་ལ་ཡ་སྭཱ་ཧཱ།
གྲོ།
ༀ་བཛྲ་གྷསྨ་རི་སྭཱ་ཧཱ།
དུར་ཝ།
ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ།
ཀུ་ཤ
ༀ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ།
རྫས་གཞན་རྣམས།
ༀ་ཨ་ཧ་ར་ཨ་ཧ་ར་ཕུ་ལེ་མ་ཧཱ་ད་ར་ཕེ་ཤ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ།
ཞེས་བརྒྱ་སོགས་ཀྱིས་ཕུལ་བའི་མཐར།
བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱས་སྤེལ།
བསྙེན་སྒྲུབ་ཁ་སྐོང་ལ་རྩ་སྔགས་
ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔
ཞེས་པ་ཁོ་ནས་འབུལ་བའི་བྱེ་བྲག་ཕྱེད་པར་བྱའོ། །
རྫས་རྣམས་རྫོགས་ནས་ལས་འཆོལ་བའི་ཚེ།
ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་ཟླ་བ་ཆུ་ཤེལ་གྱི་བུམ་པ་བདུད་རྩི་དཀར་པོས་གང་བ་འཛིན་པས་ཟླ་བ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་ཁྲུས་བྱས།
སྡིག་སྒྲིབ་དང་ནད་གདོན་ལ་སོགས་པ་ཐམས་ཅད་དག་ཅིང་ཞི་བར་བསམ་མོ། །
སླར་ཡང་།
ན་མཿས་མནྟ་བུདྡྷ་ནཱཾ།
ༀ་ཨགྣ་ཡེ་སྭཱ་ཧཱ།
ཞེས་པ་ལན་བདུན་གྱིས་དགང་བླུགས་ཕུལ་ཞིང་།
ༀ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔
ནད་གདོན་སྡིག་སྒྲིབ་ཤཱནྟིཾ་ཀུ་རུ་སྭཱ་ཧཱཿ
ཞེས་ལན་གསུམ་གྱིས་པུས་མོའི་བར་དུ་བསྐོར་ཞིང་ཕུལ།
ༀ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ།
ཞེས་གོས་གསར་པ་དང་།
ༀ་བཛྲ་ཏཾ་བུ་ལ་ཡེ་སྭཱ་ཧཱ།
ཞེས་རྡོ་ཐལ་མེད་པའི་སོ་རྩི་དབུལ།
དེ་ནས་མཆོད་པ་ནི།
ཨོཾ་ཨཱཿཧཱུྃ༔ ཕྱི་ནང་སྣོད་བཅུད་མཆོད་པའི་སྤྲིན༔
ཉེར་སྤྱོད་འདོད་ཡོན་སྣ་ལྔ་དང་༔
བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན༔
སྨན་གཏོར་རཀྟ་དྭངས་རེ་སྤྲོ༔
སྒེག་བཞད་གཡོ་བའི་གར་མ་དང་༔
བདེ་ཆེན་སྦྱོར་བའི་རིག་མ་འབུམ༔
མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུན༔
ཡེ་ཤེས་དབྱིངས་སུ་རྣམ་དག་པའི༔
མཆོད་པའི་ཕྱག་རྒྱ་ཆེན་པོ་སོགས༔
རིག་འཛིན་འདུས་པའི་ལྷ་ལ་འབུལ༔
བཞེས་ནས་དབང་དང་དངོས་གྲུབ་སྩོལ༔
ཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུཔེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝ་དྱ་ཤཔྟ་རཱུ་པ་ཤཔྟ་གནྡྷེ་རཱ་ས་པརྴེ་ཨཱཿཧཱུྃ་
སརྦ་པཉྩ་བ་ལིངྟ་རཀྟ་མ་ཧཱ་སུ་ཁ་དྷརྨ་དྷཱཏུ་ཨཱཿཧཱུྃ༔
ཞེས་སྨན་རག་འདས་གཏོར་བཅས་ཐབ་ཏུ་ཕུལ། མཆན།
བསྟོད་པ་ནི།
ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔
བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔
པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔
སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔
བདེ་བྱེད་བརྩེགས་པར་ཟབ་བརྒྱའི་དངོས་གྲུབ་བརྙེས༔
དུར་ཁྲོད་བརྒྱད་དུ་དགོངས་པའི་བཙན་ས་ཟིན༔
རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་མངའ་དབང་བསྒྱུར༔
མཆོག་གི་རིག་འཛིན་བརྒྱད་ལ་ཕྱག་འཚལ་བསྟོད༔
དགོངས་པ་ཀློང་ཆེན་ཡངས་པའི་མཁའ་ལ་འཕྱོ༔
རྣམ་འགྱུར་བརྟུལ་ཞུགས་སྤྱོད་པས་འགྲོ་བ་འདྲེན༔
རྨད་བྱུང་རྡོ་རྗེ་སྙིང་པོའི་དགོངས་སྲོག་འཛིན༔
ཐུགས་སྲས་རྗེ་འབངས་ཉེར་ལྔར་ཕྱག་འཚལ་བསྟོད༔
གཞན་ཡང་རིག་འཛིན་སྤྲུལ་པའི་དཀྱིལ་འཁོར་དུ༔
དམ་ཚིག་ཐུགས་རྗེས་འཁོད་པའི་རྩ་གསུམ་ལྷ༔
ཡེ་ཤེས་དབྱིངས་ལས་སྤྲུལ་པའི་ཕོ་ཉ་བ༔
དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔
ཅེས་པས་གཟི་བྱིན་བསྐྱེད།
སྤྲོ་ན་ཚོགས་འཁོར་བྱ་ཞིང་མ་ནུས་ནའང་ཆད་སྐྱོན་མེད།
མ་འབྱོར་བ་དང་ཉམས་པ་དང་། །
གཙོ་བོ་ནུས་པ་མ་མཆིས་པས། །
འདིར་ནི་བགྱི་བ་གང་ནོངས་པ། །
དེ་ཀུན་མགོན་པོས་བཟོད་པར་མཛོད། །
ༀ་བཛྲ་ས་ཏྭ་ས་མ་ཡ་
སོགས་ཡི་གེ་བརྒྱ་པས་ནོངས་པ་འཆགས།
ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །
རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །
སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །
སླར་ཡང་འབྱོན་པར་མཛད་དུ་གསོལ། །
བཛྲ་མུཿ
ཡེ་ཤེས་པ་གཤེགས།
དམ་ཚིག་པ་རང་ཉིད་ལ་ཐིམ་པར་གྱུར།
༈ གསུམ་པ་རྗེས་ཀྱི་རིམ་པ་ནི།
ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ་ཀྱིས་བསངས།
བཛྲ་ས་མ་ཡ་ཛཿ
མེ་ལྷ་ཡེ་ཤེས་པ་སྤྱན་དྲངས།
ཛཿཧཱུྃ་བཾ་ཧོཿ
དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར།
དགང་བླུགས་ཕུལ་ཞིང་།
ༀ་བ་བཱ་ག་ཨག་ན་ཡེ་སྭཱ་ཧཱ།
ལན་གསུམ།
ༀ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ།
ཞེས་པས་གོས་ཟུང་དང་།
ༀ་བཛྲ་ཏམྦུ་ལ་ཡེ་སྭཱ་ཧཱ།
ཞེས་སོ་རྩི་ཕུལ། ཡམ་ཤིང་།
ༀ་པེ་ཤ་ཧསྟ་བཛྲ་སྭཱ་ཧཱ།
མར་ཁུ།
ༀ་བི་མ་ལ་ཨག་ནེ་སྭཱ་ཧཱ།
ཏིལ།
ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ།
ཞོ་ཟན་དང་ཟས་མཆོག
ༀ་སརྦ་སཾ་བྷ་དེ་སྭཱ་ཧཱ།
འབྲས།
ༀ་བཛྲ་པུཥྚྚ་ཡེ་སྭཱ་ཧཱ།
སོ་བ།
ༀ་བཛྲ་བི་ཛ་ཡ་སྭཱ་ཧཱ།
ནས།
ༀ་མ་ཧཱ་བེ་ག་ཡ་སྭཱ་ཧཱ།
སྲན་མ།
ༀ་མ་ཧཱ་བཱ་ལ་ཡ་སྭཱ་ཧཱ།
གྲོ།
ༀ་བཛྲ་གྷསྨ་རི་སྭཱ་ཧཱ།
དུར་ཝ།
ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ།
ཀུ་ཤ
ༀ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ།
རྫས་གཞན་རྣམས།
ༀ་ཨ་ཧ་ར་ཨ་ཧ་ར་ཕུ་ལེ་མཧཱ་ད་ར་ཕེ་ཤ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ།
ཞེས་སོ་སོའི་སྔགས་མཐར།
ༀ་བ་བཱ་ག་ཨག་ན་ཡེ།
བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་མཆོད་སྦྱིན་རྫས་དང་ཡོ་བྱད་མ་ཚོགས་པ་དང་། ཏིང་ངེ་འཛིན་མ་གསལ་བ་དང་། ཆོ་ག་ལྷག་པ་དང་། ཉམས་པ་དང་། ལྷ་གོང་འོག་ནོར་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་འབུལ།
ༀ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱཱ་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད།
མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །
དྲང་སྲོང་རྒྱལ་པོ་གདོན་གྱི་བདག །
ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །
མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །
ཞེས་པས་བསྟོད།
ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ནཱཾ་ཨཱ་དྱ་ནུཏྤནྣ་ཏྭ་ཏ་ༀ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ
ས་གཏོར་མ་བསྔོས་ནས་ཐབ་ཏུ་དབུལ་རྗེས།
ཕྲིན་བཅོལ་ནི།
མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །
རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །
ནད་མེད་ཚེ་དང་དབང་ཕྱུག་དང༌། །
དཔལ་དང་གྲགས་དང་སྐལ་པ་བཟང༌། །
ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །
ཞི་དང་རྒྱས་ལ་སོགས་པ་ཡི། །
ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །
དམ་ཚིག་ཅན་གྱིས་བདག་ལ་སྲུངས། །
དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །
དུས་མིན་འཆི་དང་ནད་རྣམས་དང༌། །
གདོན་དང་བགེགས་རྣམས་མེད་པར་མཛོད། །
རྨི་ལམ་ངན་དང་མཚན་མ་ངན། །
བྱ་བྱེད་ངན་པ་མེད་པར་མཛོད། །
འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །
འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །
དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །
ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །
ཅེས་བརྗོད།
མ་འབྱོར་བ་དང་ཉམས་པ་དང་། །
གཙོ་བོ་ནུས་པ་མ་མཆིས་པས། །
འདིར་ནི་བགྱི་བ་གང་ནོངས་པ། །
དེ་ཀུན་ཁྱེད་ཀྱིས་བཟོད་པར་མཛོད། །
ཅེས་པས་ནོངས་པ་བཤགས།
བདག་གི་དོན་དང་གཞན་གྱི་དོན། །
སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །
ཇི་བཞིན་དུས་སུ་ཚུར་བྱོན་ལ། །
བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །
ༀ་བཛྲ་མུཿ
ཞེས་མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས།
དམ་ཚིག་པ་ལྟེ་བའི་ཨ་ཐུང་ལ་ཐིམ་པར་གྱུར།
དགེ་བ་བསྔོ། ཤིས་པ་བརྗོད། དེ་ལྟར་བྱས་པའི་སྦྱིན་སྲེག་གི་མེ་ལ་དཀྲུགས་བརྡལ་མི་བྱེད་པར་རང་ཞིར་འཇོག
ལོང་མེད་ན་འོ་མ་དང་དྲི་བཟང་གི་ཆུས་གཞིལ་ལ་ཐལ་སོལ་རྣམས་རྒྱ་མཚོར་བབས་པའི་ཆུ་ཀླུང་ཆེན་པོར་འདོར་བའམ།
ཡང་ན་ཞི་བྱེད་ཀྱི་གཉེན་པོར་ལོངས་སྤྱད་པས་བཀྲ་ཤིས་པར་འགྱུར་རོ། །
ཞེས་པའང་གཅོད་པའི་དབང་ཕྱུག་གིས་ནན་གྱིས་བསྐུལ་བ་ལས་སྒྲུབ་ཆེན་བཀའ་བརྒྱད་ཀྱི་སྦྱིན་སྲེག་ལ་ཚིག་ཕྲད་བསྒྱུར་ནས་བརྗོད་པ་པོ་པདྨ་དབང་ཆེན་ཡེ་ཤེས་རོལ་པའི་རྡོ་རྗེས་སོ།། །།