Siṃhamukhā Empowerment—Tibetan
འུྃ༔ ཡུམ་ཀའི་གསང་སྒྲུབ་སེང་གེའི་གདོང་ཅན་ལས༔ དབང་ཆོག་བྱིན་རླབས་ཆུན་པོ་བཞུགས༔
བདུད་འདུལ་དྲག་མོའི་སྐུ་ལ་བདུད༔
གསང་སྒྲུབ་སེང་གེའི་གདོང་ཅན་གྱི༔
དབང་བསྐུར་གུད་དུ་ཕྱུང་བ་ནི༔
དཀྱིལ་འཁོར་གཞུང་བཞིན་མཉྫིའི་སྟེང་༔
དབང་གཏོར་ཙཀ་ལི་དར་གདུགས་ཅན༔
ཕྱག་མཚན་མཆོད་ཚོགས་འདུ་བྱས་ལ༔
གཞུང་བཞིན་བདག་མདུན་རོ་གཅིག་སྒྲུབས༔
དབང་གི་སྔོན་རྗེས་བྱ་བ་རྣམས༔
ཡུམ་ཀའི་དབང་གིས་ཁོག་ཕུབ་ལ༔
ལོ་རྒྱུས་མཚམས་སྦྱོར་ཅི་རིགས་པ་ལས༔
འདིར་རིག་འཛིན་འཇིགས་མེད་གླིང་པ་ལ་དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོས་མངོན་སུམ་པར་དགོངས་པ་གཏད་ཅིང་༔
བརྡ་བརྒྱུད་ཤོག་སེར་བྱ་ཁྲའི་གཟུགས་ཀྱི་ལྟོ་བ་ལ་སྙན་བརྒྱུད་མཁའ་འགྲོའི་བརྡ་ཡིག་ཏུ་ཤར་བ་ལས་བསྒྱུར་བའི་མཁའ་འགྲོ་མ་སེང་གེའི་གདོང་ཅན་གྱི་དབང་བསྐུར་བགྱི་བ་ལ་ཁྱེད་རང་གཞི་ལུས་སུ་གནས་པའི་མིག་གཉིས་ལ་ལཾ་ལཾ༔
རྣ་བ་གཉིས་ལ་ཀཾ་ཀཾ༔
སྣ་བུག་གཉིས་ལ་ངཾ་ངཾ་༔
ལྕེ་ལ་མཾ༔
ལྟེ་བར་སཾ༔
སྙིང་གར་གཾ༔
ཡིག་འབྲུ་དེ་རྣམས་ལས་འབར་བའི་འོད་ཟེར་གྱིས་རྣམ་སྨིན་གྱི་ལུས་རྟེན་དབང་ཡུལ་ཚོགས་བརྒྱད་རྣམས་བསྲེགས་ཤིང་སྦྱངས༔
སྟོང་པའི་ངང་ལས་པད་ཉི་བདུད་བཞིའི་གདན་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་ཅན་སྐུ་མདོག་མཐིང་ནག་རྒྱན་དང་ཆ་ལུགས་རྫོགས་པར་གསལ་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་རང་བཞིན་ཆོས་ཉིད་ཀྱི་གནས་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་སློབ་མ་དང་གཉིས་སུ་མེད་པར་གྱུར༔
ཅེས་བརྗོད་ལ་རྩ་སྔགས་དང་རོལ་མོས་བྱིན་དབབ༔
ཏིཥྛ་བཛྲས་བརྟན་པར་བྱ༔
དེ་ནས་གཏོར་མ་སྤྱི་བོར་བཞག་ལ༔
གཏོར་མ་འདི་ཉིད་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་དངོས་སུ་གསལ་བ་ཁྱེད་རང་གི་སྤྱི་བོ་ནས་ཞུགས་པས་ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཚང་བའི་ངོ་བོར་སྨིན༔
སེང་གེའི་གདོང་ཅན་དངོས་སུ་གྱུར་པའི་མོས་པ་མཛོད༔
ཧོཿ སྐྱེ་བ་མེད་ལས་གཟུགས་སུ་སྐྱེས༔
སྣང་སྟོང་དབྱེར་མེད་ལྷ་ཡི་སྐུ༔
བུམ་པའི་དབང་གི་ངོ་བོ་ཉིད༔
སྐུ་ལྔ་ཡེ་ཤེས་ལྔ་རྫོགས་ཤོག༔
རྩ་སྔགས་མཐར༔
ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུཾ༔
བགྲང་ཕྲེང་མགྲིན་པར་བཞག་ལ༔
ཨཱ་ལི་ཐབས་ཀྱི་ངོ་བོ་ཉིད༔
ཀཱ་ལི་ཤེས་རབ་རང་བཞིན་ལས༔
ཟུང་འཇུག་ཡིག་འབྲུ་བཅུ་གཉིས་བྱུང་༔
རྟེན་འབྲེལ་དུས་སྦྱོར་ལས་སྐྱེས་པའི༔
ལས་རླུང་སྔགས་སུ་སྨིན་པར་ཤོག༔
བསྙེན་སྒྲུབ་སྔགས་ཀྱི་རྗེས་གནང་བྱིན༔
ཁ་ཊཱཾ་ཀ་སྙིང་གར་བཞག་ལ༔
ཧཱུྃཿ ཕྱག་མཚན་ཐབས་མཆོག་བདེ་བ་ཆེ༔
གསུམ་པའི་དབང་གི་ངོ་བོ་ཉིད༔
དགའ་བཞིས་སྦྱངས་པའི་དཔེའི་ཡེ་ཤེས༔
རྣམ་ཐར་གསུམ་ལྡན་ལ་གནས་ཤོག༔
རྩ་སྔགས་མཐར༔
ཛཿཧཱུྃ་བྃ་ཧོཿ དྷརྨཱ་དྷཱརྟུ་ཨཿ
གྲི་ཐོད་གཏད་ལ༔
ཧཱུྃཿ གྲི་གུག་གཟུང་འཛིན་རྩ་བ་གཅོད༔
ཐོད་ཁྲག་ཞི་རྒྱས་ཆགས་པའི་ཉམས༔
ལས་བཞི་ལྷུན་གྲུབ་ཕྱག་མཚན་འདིས༔
ཕྲིན་ལས་རྣམ་བཞི་འགྲུབ་པར་ཤོག༔
རྩ་སྔགས་མཐར༔
ཤཱནྟིཾ་པུཥྚིཾ་པཱ་ཤང་མཱ་ར་ཡ་ཕཊ྄༔
རྗེས་ཆོག་ཡུམ་ཀའི་དབང་བཞིན་ནོ༔
ས་མ་ཡ༔ རྒྱ་རྒྱ་རྒྱ༔