Daily Gönpo Lekden—Tibetan
༄༅། །མགོན་པོ་ལེགས་ལྡན་གྱི་སྐོང་བ་རྒྱུན་ཁྱེར་བཞུགས།
དཔལ་ཆེན་པོ་ལ་ཕྱག་འཚལ་ལོ། །
འདིར་མགོན་པོ་ལེགས་ལྡན་གྱི་མཆོད་གཏོར་རྒྱུན་ཁྱེར་ནི། གཏོར་ཚོགས་རྣམས་འབྲུ་གསུམ་གྱིས་བརླབས་ལ་ཡི་དམ་གྱི་ང་རྒྱལ་དང་ལྡན་པས།
ཧཱུྃ། དཔལ་ཆེན་ཐུགས་ལས་སྤྲུལ་པའི་སྲས། །
མགོན་པོ་ས་བཅུའི་དབང་ཕྱུག་ཆེ། །
ལེགས་ལྡན་ནག་པོ་ཚོགས་ཀྱི་བདག །
ལྗང་ནག་ཞལ་གསུམ་ཕྱག་དྲུག་པ། །
དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན། །
ཡུམ་ཆེན་ཀྲོ་ཏི་ཤྭ་རཱི་མ། །
གནོད་སྦྱིན་ཁྲོ་བོ་སྲིན་མོའི་ཚོགས། །
དབང་མོ་ཉེར་བརྒྱད་གཽ་རཱི་སོགས། །
སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས། །
ལང་ཀའི་ཡུལ་དང་མ་ལ་ཡ། །
ཀོ་ཀ་ཐང་དམར་གནམ་ལྕགས་འབར། །
དྲག་ཤུལ་ཅན་གྱི་རྩེ་མོ་སོགས། །
གར་བཞུགས་གནས་ནས་སྤྱན་འདྲེན་གྱི། །
སྐད་ཅིག་ཡུད་ལ་གཤེགས་སུ་གསོལ། །
ཨོཾ་བྷུར་ཀུར་མ་ཧཱ་ཀཱ་ལ་ཀྲོ་དྷི་ཤྭ་རཱི་ནག་མོ་ཏི་ལཾ་ཨེ་ཨར་ལི་ཧྲིང་ཧྲིང་ཛཿཛཿས་མ་ཡ་ཏིཥྛ་ལྷན།
མཆོད་པ་ནི།
ཧཱུྃ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཅིང་། །
ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །
དབང་པོ་དྲུག་གི་ཡུལ་ལ་སྤྱོད་ཡུལ་འགྱེད། །
དྲི་ཆེན་དྲི་ཆུའི་ཚོགས་ནི་དབའ་རླབས་འཁྲུག །
རཀྟ་དམར་གྱི་རང་བཞིན་རྒྱ་མཚོར་འཁྱིལ། །
མཱཾ་ས་ཤ་ཡི་རང་བཞིན་རི་ལྟར་སྤུངས། །
ཀེང་རུས་རུས་པའི་རང་བཞིན་རྫ་ལྟར་བསྙིལ། །
དཔལ་ལྡན་ལེགས་ལྡན་ཡབ་སྲས་ཡུམ་དང་བཅས། །
གཙོ་དང་འཁོར་དུ་བཅས་པའི་ཐུགས་དམ་བསྐང་། །
མེ་ཏོག་ཕྲེང་བ་ལ་སོགས་རིན་ཆེན་དབྱིག །
མར་མེ་མུན་སེལ་དྲི་ཞིམ་སྤོས་ཀྱི་མཆོག །
བདུད་རྩི་ཡོན་ཆབ་འོ་མ་ཀུན་གྱི་གསོས། །
སྒྲིབ་སེལ་བཤོས་གཙང་དམ་པ་བདུད་རྩིར་བཅས། །
དྲང་སྲོང་གཤམ་དཀར་སྐུ་ལ་མཆོད་པར་འབུལ། །
ལྷ་མོ་ཨུ་མའི་སྐུ་ལ་མཆོད་པར་འབུལ། །
ལེགས་ལྡན་ནག་པོའི་སྐུ་ལ་མཆོད་པར་འབུལ། །
ལྷ་མོ་དུང་སྐྱོང་སྐུ་ལ་མཆོད་པར་འབུལ། །
ཨོཾ་བྷུར་ཀུར་ཙནྜ་མ་ཧཱ་ཀཱ་ལ་བཛྲ་ཤྲཱི་ནི་ཨི་དཾ་བ་ལིངྟ་གྲིཧྣ་གྲིཧྞ་སྭཱ་ཧཱ།
ཨོཾ་མ་ཧཱ་ཀཱ་ལ་རཀྴ་དུ་བིང་ཤྲཱི་ནི་ཛཿ པཱུ་ཛ་མེ་གྷ་སྥ་ར་ཎ་ཨརྒྷཾ་དྷཱུ་པེ་པུཥྤེ་ནས་ཤབྟ་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ།
བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི།
ཧཱུྃ། མཉམ་མེད་མཐུ་མངའ་གཏུམ་ཆེན་མེ་ལྟར་འབར། །
མ་རུངས་འཇོམས་མཛད་དགྲ་བགེགས་ཐལ་བར་རློག །
མཐར་བྱེད་གཞོན་ནུ་འཇིགས་པའི་གད་རྒྱངས་ཅན། །
སྐལ་ལྡན་དཔའ་བོ་ཁྱོད་ལ་ཕྱག་འཚལ་ལོ། །
མགོན་པོ་ཁྱོད་མཆོད་བྱིན་རླབས་ཀྱིས། །
ཕྱོགས་དང་དུས་ནི་ཐམས་ཅད་དུ། །
སེམས་ཅན་ལེགས་དོན་འབྱོར་པ་ལ། །
དགྲ་བགེགས་རྣམ་པ་ཀུན་མེད་ཤོག །
རྟ་དང་བ་ལང་ནོར་དང་འབྲུ། །
བུ་ཚ་ཕ་མ་གཉེན་བཤེས་རྣམས། །
དགེ་ཞིང་ཚེ་རིང་ནད་མེད་པར། །
ཐམས་ཅད་འབྱོར་པར་ལྡན་པར་མཛོད། །
འགྲོ་བ་ཉེས་མེད་བདེ་གྱུར་ཅིང་། །
ནད་དང་མུ་གེ་ཀུན་བྲལ་ནས། །
རྒྱལ་པོ་དགེ་ཞིང་དེས་པ་རྣམས། །
ཆོས་ཀྱི་རྒྱལ་སྲིད་བསྐྱང་བར་ཤོག །
བདེ་བར་གཤེགས་པའི་བསྟན་པ་འདི། །
ཕྱོགས་བཅུ་ཀུན་ཏུ་རྒྱས་པ་དང་། །
མྱུར་དུ་སེམས་ཅན་ཐམས་ཅད་ཀྱང་། །
ཆོས་ཀྱི་སྣོད་དུ་འགྱུར་བར་ཤོག །
དགེ་བ་སེམས་ཅན་ལ་བསྔོ་ཞིང་།
མགོན་པོ་ཁྱོད་མཆོད་བྱིན་རླབས་ཀྱིས། །
བདག་ཅག་འཁོར་དང་བཅས་པ་རྣམས། །
ལོངས་སྤྱོད་རྣམ་གཉིས་རྫོགས་པར་སྨོན། །
བདག་ཅག་བྱང་ཆུབ་མཆོག་ཐོབ་ནས། །
ཁྱོད་དང་མི་འབྲལ་འགྲོགས་པར་ཤོག །
ཅེས་པའང་གྲྭ་ཚང་གི་རྒྱུན་འདོན་སྟབས་བདེ་ཞིག་དགོས་ཞེས་མཛོད་པ་འོད་ཟེར་གཞན་ཕན་གྱིས་བསྐུལ་བའི་ངོར་རིག་འཛིན་འཇིགས་མེད་གླིང་པས་སོ།། །།