Commentary on Tārā Praise—Tibetan
༄༅། །བསྟོད་པའི་རྣམ་བཤད་གསལ་བའི་འོད་ཟེར་བཞུགས། །
རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་ནི་འཁོར་བའི་སྡུག་བསྔལ་ལས་སྒྲོལ་མ། མྱུར་མ་ནི་སེམས་ཅན་གྱི་དོན་ལ་མྱུར་བ། དཔའ་མོ་ནི་ཉོན་མོངས་པ་འཇོམས་པས་དཔའ་མོའོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །ཞེས་པ་ནི་འོད་གསལ་བའི་དཔེའོ། །འཇིག་རྟེན་གསུམ་མགོན། ཞེས་པ་ནི་འཇིག་རྟེན་གསུམ་གྱི་མགོན་པོ་སྤྱན་རས་གཟིགས་སོ། །ཆུ་སྐྱེས་ཞལ་གྱི། ཞེས་པ་ནི་དེའི་སྤྱན་ཆབ་ལས་བྱུང་བའི་པདྨའམ། ཨུཏྤལ། གེ་སར་བྱེ་བ་ལས་ནི་བྱུང་མ། །ཞེས་པ་ནི་པདྨ་ཁ་བྱེ་བ་ལས་སྒྲོལ་མ་བྱུང་བའོ། །ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །ཞེས་པ་ནི་འོད་དཀར་བའི་དཔེའོ། །གང་བ་ནི་ཉ་གང་བ་ལྟ་བུའོ། །བརྒྱ་ནི་བརྩེགས་པའི་ཞལ་མ། །ཞེས་པ་ནི་ཟླ་བ་ཉ་གང་བ་དེ་ཡང་བརྒྱ་ཕྲག་དུ་མ་སྤུངས་པ་ཙམ་གྱི་ཞལ་ལོ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །ཞེས་པ་ནི་དེ་གཉིས་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བའི་དཔེའོ། །ཕྱག་འཚལ་གསེར་སྔོ་ནི། ཁ་དོག་གསེར་བཙོ་མའི་འོད་ལྟར་གསལ་བའོ། །ཆུ་ནས་སྐྱེས་ཀྱི། ཞེས་པ་ནི་ཕྱག་མཚན་པདྨའོ། །པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །ཞེས་པ་ནི་ཕྱག་གཡོན་ན་པདྨ་བསྣམས་པའོ། །སྦྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དཀའ་ཐུབ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞི་བ་ནི་ཉོན་མོངས་པ་ཞི་བའོ། །བཟོད་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བསམ་གཏན་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །སྤྱོད་ཡུལ་ཉིད་མ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་སྤྱད་པ་ལས་སྒྲོལ་མའི་སྐུ་ཐོབ་སྟེ། དེ་མཚོན་པ་ལ་ཨུཏྤ་ལས་མཚན་པའོ། །ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབུའི་གཙུག་ཏོར་ལྟ་བུའོ། །མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །ཞེས་པ་ནི་བདུད་དང་དགྲ་ལ་སོགས་པ་ཕྱིར་རྒོལ་པ་ཐམས་ཅད་ལས་རྣམ་པར་རྒྱལ་བར་སྤྱོད་པའོ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པ་ནི། །ས་བཅུ་མ་ལུས་པའི་ངོ་བོ་ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་པའོ། །རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། །ཞེས་པ་ནི་རྒྱལ་བའི་ སྲས་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་དོ། །ཤིན་ཏུ་བསྟེན་མ། ཞེས་པ་ནི་དེ་རྣམས་ཀྱིས་ཕུད་དུ་ཁུར་བའོ། །ཕྱག་འཚལ་ཏུཏྟཱ་རེ་ཧཱུྃ་གི་ཡི་གེ །ཞེས་པ་ནི་ཏུཏྟཱ་རེ་ཧཱུྃ། ཞེས་པ་ནི་སྔགས་སོ། །ཡི་གེ་ཞེས་པ་སྔགས་ཀྱི་ཡི་གེ་དེ་རྣམས་ཀྱི་མཐུ་དང་འོད་ཟེར་གྱིས་སོ། །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །ཞེས་པས་འདོད་ཁམས་དང་། གཟུགས་ཁམས་དང་། གཟུགས་མེད་ཀྱི་ཁམས་གང་བའོ། །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ཞེས་པས་འདོད་ཁམས་ཀྱི་འགྲོ་བ་ལྔ་དང་། གཟུགས་ཁམས་དང་དྲུག གཟུགས་མེད་ཀྱི་ཁམས་དང་བདུན་མནན་པའོ། །ལུས་པ་མེད་པར་འགུགས་པར་ནུས་མ། །ཞེས་པ་ནི་ལུས་པ་མེད་པ་ནི་སེམས་ཅན་གྱི་དོན་མ་ལུས་པར་བྱེད་པའོ། །འགུགས་པར་ནུས་མ་ནི་རྒྱལ་པོ་ལ་སོགས་པ་དབང་དུ་སྡུད་ནུས་པའོ། །ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །ཞེས་པ་ནི་ལྷའི་དབང་པོ་བརྒྱ་བྱིན་དང་། མེ་ལྷ་དང་། ཚངས་པ་དང་། རླུང་ལྷ་དང་། དེ་རྣམས་ཀྱི་བདག་པོར་གྱུར་པ་དབང་ཕྱུག་ཆེན་པོས་ཞབས་ལ་མཆོད་པ་འབུལ་བའོ། །འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །འབྱུང་པོ་ནི་ཚོགས་བདག་ལ་སོགས་པའོ། །རོ་ལངས་ནི་དབང་ཕྱུག་ཆེན་པོ་ལ་སོགས་པའོ། །དྲི་ཟ་ནི་ཟུར་ཕུད་ལྔ་པ་ལ་སོགས་པའོ། །གནོད་སྦྱིན་ནི་རྣམ་ཐོས་སྲས་ལ་སོགས་པའོ། །ཚོགས་ཀྱིས་ཞེས་པ་ནི་དེ་ལ་སོགས་པ་ལྷ་སྲིན་སྡེ་བརྒྱད་ཀྱིས་མདུན་ནས་བསྟོད་པའོ། །ཕྱག་འཚལ་ཊཏ་ཅེས་བྱ་དང་ཕཊ་ཀྱིས། །ཕ་རོལ་འཕྲུལ་འཁོར་རབ་ཏུ་འཇོམས་མ། །ཞེས་པ་ནི་དྲག་པོའི་གསུང་གིས་གཞན་གྱིས་བྱས་པའི་སྦྱོར་བ་ངན་པ་བཤིག་ནས་ཕྱིར་བཟློག་པའོ། །གཡས་བསྐུམ་གཡོན་བརྐྱང་ཞེས་པ་ནི་བཞུགས་ཚུལ་ལོ། །ཞབས་ཀྱིས་མནན་ཏེ། ཞེས་པ་ནི་གོང་དུ་བཤད་པའི་དོན་ཏོ། །མེ་འབར་འཁྲུག་པ་ཤིན་ཏུ་འབར་མ། །ཞེས་པ་ནི་མེ་འབར་བའི་དབུས་ན་འགྱིང་བས་བཞུགས་པའོ། །ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་མོ། །ཞེས་པ་ནི་ཏུ་རེ་ནི་འཇིགས་པ་བདུད་སེལ་གསུངས་ཏེ། བདུད་སྐྲག་པར་བྱེད་པས་འཇིགས་པ་ཆེན་མོའོ། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཞེས་པ་ནི་དཔའ་བོ་ནི་ཉོན་མོངས་པའི་བདུད་དོ། །དེ་བཅོམ་པས་གཞན་གསུམ་པོ་ཞར་ལས་འཇོམས་པའོ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །ཆུ་སྐྱེས་ཞལ་ནི་པདྨ་ཁ་བྱེ་བ་ལྟར་ཡིད་དུ་འོང་བ་དཔའ་མོའི་ཞལ་ལོ། ཁྲོ་གཉེར་ལྡན་མཛད་ནི་ཁྲོ་མོར་བཞུགས་པའོ། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །ཞེས་པ་ནི་མི་མཐུན་པའི་ཕྱོགས་ཉོན་མོངས་པ་ལ་སོགས་པ་ཐམས་ཅད་གསོད་པའོ། །ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །ཞེས་པ་ནི་གཡོན་པའི་ཕྱག་གི་མཐེབ་སྲིན་གྱིས་པདྨ་ཐུགས་ཀར་བསྣམས་པས་བརྒྱན་པའོ། །སོར་མོ་གསུམ་བརྐྱང་པ་ནི་དཀོན་མཆོག་གསུམ་མཚོན་པའི་བརྡའོ། །མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི། །ཞེས་པ་ནི་གཡས་པས་མཆོག་སྦྱིན་མཛད་པའི་ཕྱག་མཐིལ་འཁོར་ལོས་བརྒྱན་པའོ། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ། །ཞེས་པ་ནི་ཕྱག་གི་འཁོར་ལོ་ལས་འོད་ཟེར་འཕྲོས་པས། འོད་གཞན་ཟིལ་གྱིས་གནོན་པའོ། །ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །ཞེས་པ་ནི་རབ་ཏུ་དགའ་བས་སེམས་ཅན་ཐམས་ཅད་འདོད་པ་སྐོང་བའོ། །བརྗིད་པ་ནི་གཞན་ཟིལ་གྱིས་གནོན་པའོ། །དབུ་རྒྱན་རིན་པོ་ཆེ་དུ་མའི་ཕྲེང་བས་མཛེས་པར་བྱས་པའོ། །བཞད་པ་རབ་གཞད་ཏུཏྟ་རཱ་ཡིས། །ཞེས་པ་ནི་སྔགས་ཀྱི་བཞད་སྒྲ་སྒྲོགས་པའོ། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། །ཞེས་པ་ནི་སྔགས་ཀྱི་བཞད་སྒྲ་དེས་བདུད་དང་འཇིག་རྟེན་དབང་དུ་མཛད་པའོ། །ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་པ་ཉིད་མ། །ཞེས་པ་ནི་ས་གཞི་སྐྱོང་ནི་ཕྱོགས་སྐྱོང་བཅུའོ། །ཐམས་ཅད་འགུགས་པ་ནི་ཅི་གསུང་ཉན་པའི་སྒོ་ནས་ཕོ་ཉ་བྱེད་པའོ། ཁྲོ་གཉེར་གཡོ་བ་ཡི་གེ་ཧཱུྃ་གིས། །ཞེས་པ་ནི་ཁྲོ་མོར་བཞུགས་པའི་ཐུགས་ཀ་ན་ཡི་གེ་ཧཱུཾ་གིས་མཚན་པའོ། །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །ཞེས་པ་ནི་མི་མཐུན་པའི་ཕྱོགས་ཀྱིས་གཟིར་ཞིང་། མཐུན་པའི་ཕྱོགས་ཀྱིས་ཕོངས་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་ནས་བདེ་བ་ལ་འགོད་པའོ། །ཕྱག་འཚལ་ཟླ་བའི་དུམ་བུས་དབུར་བརྒྱན། །ཞེས་པ་ནི་ཚེས་གཅིག་གི་ཟླ་བས་དབུར་བརྒྱན་པའོ། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །ཞེས་པ་ནི་ཟླ་བ་དེ་ལས་འོད་ཟེར་འབར་བའོ། །རལ་པའི་ཁྲོད་ན་འོད་དཔག་མེད་ལས། །ཞེས་པ་ནི་རལ་པའི་གསེབ་ན་སྣང་བ་མཐའ་ཡས་ཀྱིས་དབུར་བརྒྱན་པའོ། །རྟག་པར་ཤིན་ཏུ་འོད་རབ་མཛད་མ། །ཞེས་པ་ནི་སྣང་བ་མཐའ་ཡས་སེམས་ཅན་གྱི་དོན་དུ་འོད་ཟེར་དཔག་ཏུ་མེད་པ་འགྱེད་པའོ། །ཕྱག་འཚལ་བསྐལ་པའི་ཐ་མའི་མེ་ལྟར། །འབང་བའི་ཕྲེང་བའི་དབུས་ན་བཞུགས་མ། །ཞེས་པ་ནི་བསྐལ་བའི་ཐ་མ་ལ་ཉི་མ་བདུན་ཤར་བའི་དུས་སུ་ས་རྡོ་རི་བྲག་ཐམས་ཅད་མེ་འབར་ནས་འོང་བས། དེ་ལྟ་བུའི་དབུས་ན་བཞུགས་པའོ། །གཡས་བརྐྱང་གཡོན་བསྐུམ་ཀུན་ནས་བསྐོར་དགའ། །ཞེས་པ་ནི་བཞུགས་ཚུལ་སྔ་མ་ལས་བཟློག་པའོ། །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །ཞེས་པ་ནི་མི་མཐུན་པ་ཐམས་ཅད་འཇོམས་པས་སོ། །ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི །མཐིལ་གྱིས་སྣུན་ཅིང་ཞབས་ཀྱིས་རྡུང་མ། །ཞེས་པ་ནི་ཕྱག་གཡོན་པ་ས་ལ་བརྡབས་ནས་སྡིགས་མཛུབ་མཛད་པའོ། ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུྃ་གིས། །ཞེས་པ་ནི་ངག་ཏུ་ཡི་གེ་ཧཱུྃ་ཞེས་བརྗོད་པས་ཕྱག་གཡས་རྡོ་རྗེ་འཛིན་པ་དེ་ལས་འོད་ཟེར་འཕྲོས་པས། རིགས་བདུན་གྱི་གནས་བཀང་ནས་དེ་རྣམསས་ཀྱི་བར་ཆད་ཐམས་ཅད་སེལ་བའོ། །རིམ་པ་བདུན་པོ་རྣམས་ནི་འགེངས་མ། །ཞེས་པ་དང་གཉིས་ཀྱི་དོན་ནོ། །ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །ཞེས་པ་ནི་བདེ་བ་ནི་ཟག་མེད་ཀྱི་བདེ་བ་དང་ལྡན་མ། དགེ་མ་ནི་སྤང་བྱ་ཉོན་མོངས་དང་བྲལ་བས་དགེ་མ། མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །ཞེས་པ་ནི་རྟོག་པ་ཟད་པས་མྱ་ངན་འདས། སྡུག་བསྔལ་ཞི་བས་ཞི། དེའི་ངང་ལ་སྤྱོད་པའོ། །སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་མ། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །ཞེས་པ་ནི་བདག་སྐུའི་ངོ་བོས་ཉོན་མོངས་པ་གཞན་གྱི་སྤང་བྱ་ཉོན་མོངས་པ་འཇོམས་པའོ། །ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བས། །དགྲ་ཡི་ལུས་ནི་རྣམ་པར་འགེམས་མ།། ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པ་ནི་ཞི་བའི་སྔགས་སོ། །རིག་པ་ཧཱུྃ་ལས་སྒྲོལ་མ་ཉིད་མ། །ཨོཾ་ན་མསྟཱ་རེ། ན་མོ་ཧ་རེ། ཧཱུྃ་ཧ་རེ་སྭཱ་ཧཱ། ཞེས་པ་ཁྲོ་མོའི་སྔགས་སོ། །ཕྱག་འཚལ་ཏུ་རེ་ཞབས་ནི་བརྡབས་པས། །ཞེས་པ་ནི་ཁྲོ་མོར་སྤྲུལ་ནས་ཞབས་ཀྱིས་བྲོ་འཁྲབ་པས་བར་ཆད་རང་སར་ཞི་བའོ། །ཧཱུྃ་གི་རྣམ་པའི་ས་བོན་ཉིད་མ། །ཞེས་པ་ནི་ཧཱུྃ་ལས་ཁྲོ་མོའི་སྐུར་བསྐྱེད་པའོ། །རི་རབ་མནྡ་ར་དང་འབིགས་བྱེད། །ཅེས་པ་ནི། སྟོང་གསུམ་གྱི་ཕྱི་རོལ་ན་རི་རབ་མཎྜ་ར་བ་ཞེས་བྱ་བ་ཡང་ཡི་གེ་ཧཱུྃ་འདིར་ཡིག་སྐྱོན་ཅུང་ཟད་ཡོད་དམ་དཔྱད་གི་འོད་ཟེར་གྱིས་འབིགས་པར་བྱེད་པའོ། །འཇིག་རྟེན་གསུམ་པོ་གཡོ་བ་ཉིད་མ། །ཞེས་པ་ནི་འདོད་པའི་ཁམས། གཟུགས་ཁམས། གཟུགས་མེད་ཁམས་གཡོ་བར་བྱེད་པའོ། །ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཞེས་པ་ནི་ལྷའི་མཚོ་ལྟ་བུའི་ཟླ་བའི་དཀྱིལ་འཁོར་ཕྱག་ན་བསྣམས་པ་དེས་ཉོན་མོངས་པའི་དུག་སེལ་བའི་རྟགས་སོ། །རི་དྭགས་རྟགས་ཅན་ཞེས་པ་ཟླ་བའོ། །ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །དུག་རྣམས་མ་ལུས་པར་ནི་སེལ་མ། །ཞེས་པ་ནི་ཏཱ་རེ་ཞེས་པའི་སྔགས་དེས་བརྟན་པ་དང་གཡོ་བའི་དུག་སེལ་བའོ། །ཕྱག་འཚལ་ལྷ་ཡི་ཚོགས་ཀྱི་རྒྱལ་པོ། །ལྷ་དང་མིའམ་ཅི་ཡིས་བསྟེན་མ། །ཞེས་པ་གཉིས་ནི་ལྷ་ཚོགས་དེ་རྣམས་ཀྱི་དཔོན་ནམ་མིའམ་ཅིའི་རྒྱལ་པོ་ལྗོན་པ་ལ་སོགས་པས་ཞབས་ལ་མཆོད་པའོ། །ཀུན་ནས་གོ་ཆ་དགའ་བའི་བརྗེད་ཀྱིས། །ཞེས་པ་ནི་ལྷའི་སྐུ་དང་སྔགས་ ཀྱི་གོ་ཆའི་ཚུལ་དུ་བྱས་པའོ། །རྩོད་དང་རྨི་ལམ་ངན་པ་སེལ་མ། །ཞེས་པ་ནི་མུ་སྟེགས་ཀྱི་རྩོད་པ་དང་རྨི་ལམ་ངན་པ་སེལ་བའོ། །ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །ཧ་ར་གཉིས་བརྗོད་ཏུཏྟཱ་རཱ་ཡིས། །ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ། །ཞེས་པ་ནི་ཉི་མ་ཟླ་བ་རྒྱས་པ་ནི། སྤྱན་གཡས་པ་ཟླ་བ། གཡོན་པ་ཉི་མས་མཚོན་པའོ། །འོད་རབ་གསལ་མ་ནི་གོང་གི་ཉི་ཟླ་གཉིས་ལས་འོད་འབྱུང་ཞིང་གསལ་བའོ། །ཧ་ར་གཉིས་བརྗོད་ཅེས་པ་ནི། ཞི་ཁྲོ་གཉིས་ཀྱི་སྔགས་ཀྱི་གསུང་གིས་ཤིན་ཏུ་དྲག་པོའི་རིམས་ལ་སོགས་པ་སེལ་བའོ། །ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པའི། །ཞེས་པ་ནི་སྐུ་གསུང་ཐུགས་ལ་ཨོཾ་ཨཱཿཧཱུྃ་གསུམ་བཀོད་པའོ། །ཞི་བའི་མཐུ་དང་ཡང་དག་ལྡན་མ་ནི་ཉོན་མོངས་པ་ཞི་བའི་མཐུ་དང་ལྡན་པའོ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །ཞེས་པ་ནི་བར་དུ་གཅོད་པ་ཐམས་ཅད་ཞི་བའོ། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །ཞེས་པ་ནི་ཡི་གེ་བཅུ་པའི་སྔགས་ཀྱི་མཐུས་མི་མཐུན་པའི་ཕྱོགས་ཐམས་ཅད་འཇོམས་པའོ། །རྩ་བའི་སྔགས་ཀྱིས་བསྟོད་པ་འདི་དང་། །ཞེས་པ་ནི་ཞི་བ་དང་ཁྲོ་མོའི་རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང་། ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག་གིས་བསྟོད་པ་འདི་རང་ངོ་།། །།
༈ ལྷ་མོ་ལ་གུས་ཡང་དག་ལྡན་པས། །ལུས་ངག་ཡིད་གསུམ་གུས་པས་ལྷ་མོ་ལ། བློ་ལྡན་གང་གིས་རབ་དད་བརྗོད་པས། །སྲོད་དང་ཐོ་རངས་ལངས་པར་བྱས་ནས། །སྲོད་ཁྲོ་མོའི་སྐུར་དྲན་པས། ཐོ་རངས་ཞི་བའི་སྐུར་དྲན་པའོ། །དྲན་པས་མི་འཇིགས་ཐམས་ཅད་རབ་སྟེར། །ཞེས་པ་ནི་ལྷའི་སྐུ་དྲན་པ་ཙམ་གྱིས་མི་འཇིགས་པ་སྟེར་བའོ། །སྡིག་པ་ཐམས་ཅད་རབ་ཏུ་ཞི་བ་ནི་དྲན་པ་ཙམ་གྱིས་སོ། །ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་དོ། །ངན་འགྲོའི་འབྲས་བུ་ཞི། རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས། །བར་མ་ཆད་པར་བདག་ལ། མྱུར་དུ་དབང་ནི་བསྐུར་བར་འགྱུར་ལ། །ཚེ་འདི་ཉིད་ལ་ཆེ་བ་ཉིད་ནི་འཐོབ་ཅིང་། ཐུན་མོང་གི་འབྲས་བུའོ། །དེར་ཡང་མ་ཟད་དེ། སངས་རྒྱས་གོ་འཕང་མཐར་ཐུག་དེར་འགྲོ། །དེ་ཡིས་དུག་ནི་དྲག་པོ་ཆེན་པོ། །རྐུན་པོ་ལ་སོགས་པའོ། །བརྟན་གནས་པའམ་གཞན་ཡང་འགྲོ་བ། །སྦྲུལ་ལ་སོགས་པའི་འཇིགས་པ། ཟོས་པ་དང་ནི་འཐུངས་པ་ཉིད་ཀྱང་། །དུག་ཟོས་པ་དང་འཐུངས་པ་ཉིད་ཀྱང་དྲན་པས་རབ་ཏུ་སེལ་བ་ཉིད་ཐོབ། །བསྟོད་པ་དང་སྔགས་དང་ལྷ་དྲན་པས་དུག་རྣམས་སེལ། གདོན་དང་རིམས་དང་དུག་གིས་གཟིར་བའི། །རྒྱུ་དང་འབྲས་བུས་བསྡུས་པའི། སྡུག་བསྔལ་ཚོགས་ནི་རྣམ་པར་སྤངས་ཏེ། །སེམས་ཅན་གཞན་པ་རྣམས་ལ་ཡང་ངོ་། །བདག་གིས་དེ་གཞན་དུ་སེམས་ཅན་གཞན་པ་རྣམས་ལ་ཕན་པར་ནུས་སོ། །གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། །བདག་དང་མདུན་ན་ལྷ་མོ་བསྟེན་པའི་ཕྱིར་ཅིས་ཀྱང་འདོན་ནོ། །བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང་། །ནོར་འདོད་པས་ནི་ནོར་རྣམས་ཉིད་འཐོབ། །འདོད་པ་ཐམས་ཅད་ཐོབ་པར་འགྱུར་ཏེ། །མཆོག་དང་ཐུན་མོང་ཐམས་ཅད་འགྲུབ། བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར། །ཟློས་པ་ལ་བར་ཆད་མེད་པས་བགེགས་རྣམས་མེད། སྤང་བྱ་རེ་གཉེན་པོ་རེས་འཇོམས་པས་སོ་སོར་འགྱུར་རོ། །
བཅོམ་ལྡན་འདས་མ་སྒྲོལ་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཆེན་པོས་བསྟོད་པ་གསུངས་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པ་ལོ་ཙཱ་བ་གཉན་གྱིས་བསྒྱུར་བ། རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན་གྱིས་གཏན་ལ་ཕབ་པའོ། །ཕྱག་འཚལ་ཉི་ཤུ་རྩ་གཅིག་གི་བསྟོད་པའི་རྣམ་པར་བཤད་པ་གསལ་བའི་འོད་ཟེར་ཞེས་བྱ་བ་རྫོགས་སོ།། །།