The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Conversation with Kuri Chhu—Tibetan

English | བོད་ཡིག

༄༅། །ཀུར་སྟོད་ཨའུ་མཚོ་རྣམ་གྲོལ་གླིང་གུ་གནས་ཚུལ་ཀུར་ཆུ་དང་དྲི་བ་དྲིས་ལན་གྱི་ཚུལ་དུ་བཀོད་པ་ནི།

དྲི་བ
གནས་ཀུ་རེ་ལུང་པའི་ཕུ་ཞིག་ནས། །
ཆབ་སྔོན་མོ་གསུང་སྙན་འུར་སྒྲ་ཅན། །
ཁྱོད་ད་ནང་དུས་གྱི་སྔ་དྲོ་ལ། །
ས་གང་གི་ཕྱོགས་ནས་ཇི་ལྟར་ཡོང། །

ལན
ང་བྱང་ཕྱོག་ཁ་བ་ཅན་གྱི་ཞིང་། །
རི་གངས་དཀར་སྤུན་གསུམ་ཕྱོགས་ནས་ཡོང། །
རྟེན་བྱིན་རླབས་ཁྱད་དུ་འཕགས་པའི་གནས། །
ལྷོ་བྲག་གི་རི་རྒྱུད་རྩ་ནས་ཡོང། །

དྲི་བ
ཁྱོད་ལྷོ་བྲག་ཕྱོགས་ནས་ཡོང་ཟེར་ན། །
རྗེ་མར་པའི་གདན་ས་གྲོ་བོ་ལུང་། །
ཕྱི་སྐུ་མཁར་མཛེས་བརྗིད་བརྟན་ལགས་སམ། །
ནང་སྒྲུབ་རྒྱུད་བསྟན་པ་རྒྱས་ལགས་སམ། །

ལན རྗེ་མར་པའི་གདན་ས་གྲོ་བོ་ལུང་། །
ཕྱི་སྐུ་མཁར་མཛེས་བརྗིད་བརྟན་ལགས། །
ནང་སྒྲུབ་རྒྱུད་བསྟན་པའི་སྣང་བ་དེ། །
དུས་ད་ལྟ་མཇལ་ས་མི་འདུགས་ལགས། །

དྲི་བ
དུས་ད་ལྟ་བསྟན་པ་མི་མཇལ་ཡང་། །
ཐུགས་རྗེ་ལ་རྒྱུན་ཆད་མི་སྲིད་པས། །
རྗེ་མར་པའི་སྐུ་འདྲ་ཡིད་བཞིན་ནོར། །
གསུང་འགག་མེད་འཕྲིན་བཟང་ཅི་འདྲ་འདུག །

ལན
ཁྱོད་འདི་ནས་འགྲོ་བའི་ལམ་བར་ལ། །
ས་སྐྱིད་པོ་ཨའུ་མཚོ་རྣམ་གྲོལ་གླིང་། །
མི་ང་ཡི་བུ་བརྒྱུད་སྡོད་ས་ཡིན། །
བསྟན་པ་དེ་ན་ཚུགས་ཞེས་སྨྲོས་ཤིག་གསུང་། །

དྲི་བ
ཕ་སྒྲ་སྒྱུར་མར་པའི་བཀའ་ལུང་བཞིན། །
མ་འགྲོ་བ་སེམས་ཅན་རྣམས་ཀྱི་དོན། །
ཆོས་སྒྲུབ་བརྒྱུད་བསྟན་པ་འཛུགས་པས་ཆོག །
ཁྱོད་འདི་ནས་ལུང་ཕྱོགས་གང་ལ་འགྲོ། །

ལན
ང་བསམ་གཏན་ཤེས་རབ་བཟོད་པ་དང་། །
བརྩོན་འགྲུས་ཀྱི་ཆུ་བོ་དང་གྲོགས་ཏེ། །
ལྷོ་རྒྱ་གར་ཡུལ་བཟང་བརྒྱུད་བཞིན་དུ། །
མ་ཆོས་ཉིད་རྒྱ་མཚོ་མཇལ་དུ་འགྲོ། །

དྲི་བ
ཁྱོད་ཕྱོགས་མེད་རྒྱལ་ཁམས་ཉུལ་ན་ཡང་། །
ཡུལ་འདི་དང་འབྲེལ་བ་ཟབ་པའི་ཕྱིར། །
མིང་སྙན་པོ་ཀུར་ཆུའི་གྲགས་པ་ཐོབ། །
སྨོན་ལམ་དང་བཀྲ་ཤིས་ཇི་ལྟར་ཡོད། །

ལན
ཆུ་ང་ལ་གོང་མའི་བྱིན་རླབས་ཡོད། །
ང་ཀུར་ཆུ་གང་དུ་ཡོད་པའི་སར། །
ནད་མུ་གེ་འཁྲུག་རྩོད་མེད་པར་ཤོག །
ཞལ་ཡང་ཡང་མཇལ་བའི་སྨོན་ལམ་ཞུ། །

བཀྲ་ཤིས
ང་ཆུ་མགོ་གངས་ལ་ཐུག་པ་ལྟར། །
དམ་ཆོས་བརྒྱུད་པ་བཟང་པོའི་བཀྲ་ཤིས་ཤོག །
ཆུ་ང་ལ་རྒྱུན་ཆད་མེད་པ་ལྟར། །
དམ་ཆོས་ཡུན་དུ་གནས་པའི་བཀྲ་ཤིས་ཤོག །
མཐར་རྒྱ་མཚོའི་ཀློང་དུ་ཐིམ་པ་ལྟར། །
ཐམས་ཅད་ཆོས་སྐུར་གྲོལ་བའི་བཀྲ་ཤིས་ཤོག །

ཅེས་པའང་འཇིགས་གྲགས་པས་སོ།། །།

རྗེ་མཁན་པོ་འཇིགས་མེད་ཆོས་གྲགས།

Kuri Chhu River

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept