Very Short White Mañjuśrī Sādhana—Tibetan
༄༅། །འཇམ་དབྱངས་དཀར་པོ་མ་ཏི་ལུགས་ཀྱི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ་བདུད་རྩིའི་ཡང་སྙིང་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ།
འཇམ་དཔལ་དཀར་པོ་བསྡུས་ཏེ་བསྒོམ་པར་འདོད་པས། སྐྱབས་སེམས་སྤྱི་ལྟར་བྱ།
ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ།
སྟོང་པའི་ངང་ལས་བཾ་པཾ་ཨ་དཀར་ལས། །
རྒྱ་མཚོའི་སྟེང་དུ་པདྨ་ཟླ་བའི་གདན། །
དེ་སྟེང་རང་སེམས་ཨ་དཀར་ཉིད་གྱུར་ལས། །
འོད་འཕྲོས་འཕགས་མཆོད་འགྲོ་ཀུན་སྒྲིབ་གཉིས་སྦྱངས། །
ཚུར་འདུས་ཡོངས་གྱུར་བདག་ཉིད་འཇམ་པའི་དབྱངས། །
ཞལ་གཅིག་ཕྱག་གཉིས་མཆོག་སྦྱིན་ཨུཏྤལ་བསྣམས། །
རྡོ་རྗེའི་སྐྱིལ་ཀྲུང་འོད་ཟེར་རབ་འཕྲོ་བ། །
དར་དཀར་ན་བཟའ་རིན་ཆེན་རྒྱན་གྱིས་སྤྲས། །
སྟོན་ཟླའི་མདོག་ཅན་བརྒྱད་གཉིས་ལང་ཚོ་ལྡན། །
སྙིང་དབུས་ཟླ་བའི་འཁོར་ལོ་རྩིབས་དྲུག་པའི། །
ལྟེ་བར་ཨ་དང་རྩིབས་དྲུག་སྔགས་ཀྱིས་མཚན། །
འཁོར་ལོ་གཡས་དང་ཡིག་འབྲུ་གཡོན་འཁོར་བས། །
སྒྲིབ་དག་བློ་གྲོས་སྣང་བ་རྒྱས་པར་གྱུར། །
ཨོཾ་ཝཱཀྱེ་དཾ་ན་མཿ
ཞེས་ཅི་ནུས་བཟླས་མཐར།
ཨོཾ་ཨཱརྻ་མཉྫུ་ཤྲཱི་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད།
ཐལ་མོ་སྦྱར་ཏེ།
ངོ་བོ་མ་ནོར་ཆོས་ཉིད་རབ་མཁྱེན་ཅིང་། །
རྣམ་པ་མ་ལུས་ཆོས་ཅན་ལྷང་ངེར་གཟིགས། །
ཐུགས་རྗེ་ཆེ་དང་ཐབས་ཚུལ་དཔག་མེད་ཀྱིས། །
སྲིད་མཚོ་མཐའ་ཡས་སྐྱོབ་ལ་ཕྱག་འཚལ་ལོ། །
འཇམ་དབྱངས་མགོན་ཁྱོད་གུས་པས་རྗེས་དྲན་ཞིང་། །
སྒོམ་བཟླས་ལེགས་མཆོད་མངོན་པར་བསྟོད་པའི་མཐུས། །
བློ་ངན་མ་རིག་འཐིབས་པོའི་ཚོགས་རྣམས་ཀུན། །
སྤྲིན་མེད་ཉི་ཤར་ཇི་བཞིན་དྭངས་པར་མཛོད། །
ཅེས་བསྟོད་ཅིང་གསོལ་བ་གདབ།
འདི་བསྒྲུབས་པ་ལས་བྱུང་བའི་དགེ་ཚོགས་ཀྱིས། །
འགྲོ་ཀུན་འཇམ་དབྱངས་གོ་འཕང་མྱུར་ཐོབ་ནས། །
སྲིད་དང་ཞི་བའི་ལེགས་བྱས་སྣང་བ་ཡིས། །
ཕན་བདེའི་པདྨོ་རྒྱས་པའི་བཀྲ་ཤིས་ཤོག །
ཅེས་པའང་དོན་གཉེར་ཅན་འགའ་ལ་སྨན་པའི་བསམ་པས་སློབ་དཔོན་སྒེག་པའི་རྡོ་རྗེའི་རྒྱ་གཞུང་སོར་བཞག་སྟེ། མཚམས་སྦྱོར་ཅུང་ཟད་བཅས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་སིདྡྷི་རསྟུ།། །།